国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月21日

ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་རྐོ་འཐུ་ལས་དོན་བཀོད་གཏོང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་17ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་རྐོ་འཐུར་བཀོད་གཏོང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་གྲོང་ཨུད་ཀྱི་ལས་དོན་བླང་བྱ་ལྟར། དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་དོ་དམ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། དབྱར་རྩྭ་དགུན་འབུ་རྐོ་འཐུ་རིང་སྤྱི་ཚོགས་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ནུས་ལྡན་ཐུབ་པ་བྱས་ནས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་མཆན་འགོད་མཛུབ་སྟོན་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་དང་རྫོང(ཆུས)11གི་དབྱར་རྩྭ་དགུན་འབུ་རྐོ་འཐུ་ལས་དོན་བསྒྲུབས་ཚུལ་གྱི་སྙན་ཞུར་གསན་པ་རེད།

ཀུང་ཧུའེ་ཚའེ་ཡིས་རྫོང(ཆུས)ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་དབྱར་རྩྭ་དགུན་འབུ་རྐོ་འཐུ་དང་ཉོ་ཚོང་ནི་དཔལ་འབྱོར་གྱི་གནད་དོན་དང་། སྤྱི་ཚོགས་ཀྱི་གནད་དོན་ཞིག་ཡིན་པ་མ་ཟད། དམངས་འཚོའི་དོན་ཆེན། མང་ཚོགས་ཀྱི་ལས་དོན་གལ་ཆེན་ཞིག་ཀྱང་ཡིན་པ་ངོས་འཛིན་གང་ལེགས་བྱེད་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་བཏང་སྟེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཞི་རྟེན་དུ་བྱེད་པ་དང་། ཏང་གཤིས་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་ནན་པོ་སྲུང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། བརྟན་ལྷིང་སྲུང་སྐྱོང་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། འགན་གཙང་ལེན་མཁན་གྱི་ཤང་དང་རྫོང་རིམ་པའི་ལས་བྱེད་པ་དང་། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་བཅས་ལས་གྲུབ་པའི་ལས་དོན་ཚོགས་ཆུང་མངགས་གཏོང་བྱས་ནས་བཅའ་སྡོད་བྱ་ཡུལ་དུ་ཞབས་ཞུ་དོ་དམ་ཡག་པོ་བྱེད་དགོས།“ལས་བྱེད་པ་སྟོང་ཕྲག་གྲོང་ཚོ་སྟོང་ལ་བསྐྱོད་ནས། འགལ་ཟླ་དང་ཉེན་ཁའི་གནོད་རྐྱེན་ངན་པ་གྲལ་བཤེར་བྱེད་པའི”བྱེད་སྒོ་སྤེལ་ཏེ་བཅའ་སྡོད་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་ཅིང་། མང་ཚོགས་ལ་གྲོས་བསྡུར་བྱེད་པ། མང་ཚོགས་ལ་གྲོགས་པོ་མང་ཙམ་སྒྲིག་པ་བཅས་བྱས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཤེས་རྟོགས་དང་ཁོང་དུ་ཆུད་པ་བཅས་བྱེད་དགོས། འཇོ་མདའ་རྫོང་དང་། སྟེང་ཆེན་རྫོང་གི་བཅའ་ཁྲིམས་ཁྱབ་གདལ་གྱི་གནད་སྨིན་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། དྲིལ་བསྒྲག་གི་འཕྲེད་འགེལ་སྦྱར་ཡིག་དང་། དྲིལ་བསྒྲགས་ལག་དེབ། བརྙན་འཕྲིན་ཁ་པར། ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་སོགས་ལ་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་རྒྱག་པ་དང་། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ། ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་གཏོང་བ་བཅས་བྱེད་དགོས། དབྱར་རྩྭ་དགུན་འབུ་རྐོ་འཐུ་བྱ་ཡུལ་དུ་གནས་སྐབས་ཏང་ཀྲི་པུའུ་དང་། གནས་སྐབས་ཉེན་རྟོག་ལས་དོན་ཁང་། སྐོར་སྐྱོད་སྨན་བཅོས་ཁང་བཅས་བཙུགས་ཏེ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་པ་དང་། འཚོ་བའི་དངོས་ཟོག་མི་འདང་བར་འདོན་སྤྲོད་བྱེད་པ། ནད་པར་དུས་ཐོག་ཏུ་སྨན་བཅོས་སྲོག་སྐྱོབ་བྱེད་པ། ཁྱིམ་ཚང་ལ་དཀའ་ངལ་ཡོད་པར་རོགས་སྐྱོར་བྱེད་པ། མང་ཚོགས་སྒྲིག་འཛུགས་བྱས་ཏེ་མཉམ་དུ་གློག་བརྙན་ལྟ་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ། མང་ཚོགས་ལ་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་གནང་བའི་མྱོང་ཚོར་ཤེས་སུ་འཇུག་དགོས། འགྲིམ་འགྲུལ་བདེ་འཇགས་དང་། བཟའ་བཅའ་བདེ་འཇགས་། རང་བྱུང་གནོད་འཚེ་སྔོན་འགོག རི་སྐྱེས་སྲོག་ཆགས་ཀྱིས་མིར་རྨས་སྐྱོན་བཟོ་བ།ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཀྱི་ཐད་ནས་རྒྱ་ཆེའི་མང་ཚོགས་ལ་བདེ་འཇགས་ཡོང་བའི་ཤེས་བྱའི་དྲིལ་བསྒྲགས་སློབ་གསོ་བྱེད་པ་དང་གནོད་རྐྱེན་ངན་པ་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།