འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་5ཚེས་12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་16པ་དེ་རེད། ངེད་གྲོང་ཁྱེར་གྱི་རྫོང་ཆུས་ཁག་གིས་དུས་ཚོད་དེ་དང་བསྟུན་ནས་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་མང་ཚོགས་ཀྱི་གནོད་འཚེ་སྔོན་འགོག་དང་གེགས་སེལ་གྱི་འདུ་ཤེས་སྒོ་ཀུན་ནས་ཆེ་རུ་བཏང་ཡོད།
ཇ་རྟ་ཐང་ཆེན་དུ་གྲོང་ཁྱེར་གེགས་སེལ་ཨུ་ལྷན་གྱིས་ཁ་རུབ་ཆུས་གེགས་སེལ་ཨུ་ལྷན་དང་མཉམ་འབྲེལ་ཐོག་ནས་གནོད་འགོག་གེགས་སེལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་ལས་ཁུངས་ཁྱོན་བསྡོམས71བྱེད་སྒོར་ཞུགས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་འཕྲེད་དར་སྦྱར་ཡིག་བཀལ་བ་དང་འགྲེམ་པང་བསླངས་པ། གསལ་བཤད་རྒྱག་པ། དྲིལ་བསྒྲགས་ཡིག་རིས་སྤྲད་པ། སྤྱི་ཕན་བརྙན་ཐུང་བསྟན་པ་སོགས་ཀྱི་ལམ་ནས་མང་ཚོགས་ལ་གནོད་འཚེ་སྔོན་འགོག་དང་ཆུ་ལོག་ལས་གཡོལ་ཐབས། རང་ཉིད་སྐྱོབ་ཐབས་སོགས་ཀྱི་རྒྱུན་ཤེས་ཁྱབ་གདལ་བཏང་ཡོད། དེ་བཞིན་མེ་ཟོན་སྡེ་ཚན་གྱིས་རོགས་སྐྱོབ་ཡོ་ཆས་བེད་སྤྱོད་གཏོང་ལུགས་སོགས་ཡུལ་དངོས་ནས་དཔེ་བསྟན་ཏེ་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ཆེ་རུ་བསྐྱེད་ཡོད།
ལྷོ་རོང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ལས་བྱེད་མང་ཚོགས500ལྷག་སྒྲིག་འཛུགས་བྱས་ནས་རྫོང་སློབ་འབྲིང་དུ་རང་བྱུང་གི་གནོད་འཚེ་ཟློག་ཐབས་དང་ཉེན་ཁ་ལས་སྐྱོབ་ཐབས་ཀྱི་ཐད་ནས་སྦྱོང་བརྡར་བྱས་པ་རེད།
སྟེང་ཆེན་རྫོང་གིས་མོ་ཊའི་དོན་རྐྱེན་བྱུང་བ་དང་ཁང་པ་རྡིབ་པ། མེ་ཤོར་བ་སོགས་དཔེ་བཞག་ནས་གནོད་འཚེ་ཟློག་ཐབས་ཀྱི་སྦྱོང་བརྡར་བྱས་པ་རེད། སྦྱོང་བརྡར་སྐབས་སུ་གློག་དང་ལམ། བརྡ་འཕྲིན་སོགས་ཆད་པའི་དཀའ་ངལ་དཔའ་ཤོད་དང་གོ་འཇོ། ཁ་རུབ། དཔལ་འབར་སོགས་རྫོང་ཆུས་ཁག་གིས་གནོད་འཚེ་སྔོན་འགོག་དང་གེགས་སེལ་གྱི་ཤེས་བྱ་ཁྱབ་གདལ་དང་མགྱོགས་ལམ་བརྒྱུད་ནས་བྲོས་བྱོལ་འགྲོ་ཐབས་སོགས་སྦྱོང་བརྡར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། མི་རྣམས་ཀྱིས་གློ་བུར་དུ་བྱུང་བའི་གནོད་འཚེ་འགོག་ཟོན་དང་ཟློག་སེལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། གནོད་འཚེའི་ཁྲོད་ནས་རང་ཉིད་སྐྱོབ་ཐབས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ཡོད་པ་རེད།

