国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年04月30日

དྲུག་ཅུ་ནང་སྐྱེས་ཀྱི་ཧྲུའུ་ཅིའི་བདེ་སྐྱིད་ལྡན་པའི་འཚོ་བ།

དཔྱིད་རླུང་ལྡང་བ་དང་ཆབས་ཅིག་དྲོད་ཚད་ཀྱང་རིམ་བཞིན་ཆེ་རུ་སོང་། ཞོགས་པ་གསར་འགོད་པ་རླངས་འཁོར་བསྡད་དེ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་དཔལ་སྐེད་སྲིད་འཛིན་གྲོང་ཚོ་དང་སིལ་མདའ་རང་བྱུང་གྲོང་ཚོར་བཅར་འདྲིར་བསྐྱོད་པ་ཡིན།

ཆབ་མདོ་གྲོང་ཁུལ་ནས་བར་ཐག་སྤྱི་ལེ་6ཡོད་པའི་དཔལ་སྐེད་གྲོང་ཚོར་འབྱོར་སྐབས། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལོ་ཡག་རྒྱལ་མཚན་ཁྱིམ་དུ་དགའ་ཉེ་སྤུན་མཆེད་མཉམ་འཛོམས་བྱེད་བཞིན་འདུག “དེ་རིང་ངའི་ཁྱིམ་དུ་སྤུན་མཆེད་སྐུ་མགྲོན་ལ་འབོད་པ་ཡིན”ཞེས་དྲུག་ཅུ་ནང་སྐྱེས་ཀྱི་ཧྲུའུ་ཅི་ལོ་ཡག་རྒྱལ་མཚན་གྱིས་འཛུམ་དམུལ་དམུལ་ངང་སྒོ་རྩ་ནས་ང་ཚོར་བསུ་བ་ཞུས། དཀར་ཆ་དོད་པའི་ཚོམས་ཆེན་དུ་ལོ་ཡག་རྒྱལ་མཚན་དང་སྤུན་མཆེད་ཚོའི་གླེང་མོལ་དང་གད་མོའི་དགོད་སྒྲས་ཁེངས།

ཁང་པའི་ཕྱི་རུ་དཔྱིད་གྲང་ཅུང་བསྟན་རུང་། ཁང་པའི་ནང་དུ་དྲོ་སོབ་སོབ་རེད་འདུག ད་ཆའི་འཚོ་བ་ཡག་པོའི་སྐོར་གླེང་སྐབས་ཚང་མས་སྤྲོ་སེམས་ཆེན་པོས“ཏང་གི་འགོ་ཁྲིད་འོག་ད་ཆ་ང་ཚོའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར”ཞེས་བཤད། ལོ་ཡག་རྒྱལ་མཚན་གྱིས་བདེ་སྐྱིད་འཚོ་བའི་སྐོར་གླེང་སྐབས་དགོད་འཚེར་འཚེར་ངང་དེ་དག་ཚང་མ་ནི་གྲོང་མི་ཚོས་རང་སྟོབས་རང་སྤེལ་དང་མཐུན་སྒྲིལ་འབད་འཐབ་བྱས་པ་དང་ཁ་འབྲལ་ཐབས་མེད་ཅེས་གསར་འགོད་པར་བཤད།

དཔལ་སྐེད་གྲོང་ཚོ་ནི་ས་མ་འབྲོག་ཡིན་ཞིང་། དེའི་ཁོངས་སུ་རང་བྱུང་གྲོང་ཚོ་3ཡོད་པར་དུད་ཚང་105དང་མི་གྲངས་406ཡོད། མིག་སྔར་གྲོང་ཚོ་ཡོངས་སུ་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་བཅས་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། རླངས་འཁོར་སྐྱེལ་འདྲེན་རུ་ཁག་བཙུགས་པས་ལོ་ལྟར་དུད་ཚང་30ལྷག་ཙམ་གྱི་གྲོང་མི་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་10ལྷག་ཙམ་ཡོང་གི་ཡོད། ཁྱོན་ས་ཞིང་མུའུ་200ལྷག་ཙམ་བརྒྱུད་བཤུག་བཏང་ནས་དྲོད་ཁང་120ལྷག་ཙམ་བསྐྲུན་པ་དང་། བོགས་གཏོང་དུད་ཚང་གི་བོགས་གཏོང་དུས་ཡུན་རིང་ཐུང་མི་འདྲ་བར་གཞིགས་ནས་ཟླ་རེར་གྲོང་མིར་སྒོར་1500ནས་སྟོང་ཕྲག་ཁ་ཤས་བར་གྱི་ཡོང་འབབ་རག་གི་ཡོད་པ་རེད།

ལོ་ཡག་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་དོན། ཁོངས་གཏོགས་ཁུལ་གྱི་རང་བྱུང་གྲོང་ཚོ་3གྱིས་རང་རང་སོ་སོའི་ཡུལ་བབ་དང་བསྟུན་ནས་འབབ་འཕར་རྣམ་གྲངས་མི་འདྲ་བ་ལག་ལེན་བསྟར་གྱི་ཡོད་ཅིང་། དཔལ་སྐེད་རང་བྱུང་གྲོང་ཚོས་སོ་ཕག་བཟོ་གྲྭ་བཙུགས་པས་གྲོང་ཚོ་ཡོངས་ཀྱི་དུད་ཚང་53ལ་ལོ་རེར་འབབ་འཕར་སྒོར་ཁྲི་12ལྷག་ཙམ་རག་གི་ཡོད་པ་དང་། དབེན་པ་རང་བྱུང་གྲོང་ཚོས་བྱེ་རྡོ་ར་བ་བཙུགས་པས་གྲོང་ཚོ་ཡོངས་ཀྱི་དུད་ཚང་20ལ་ལོ་རེར་འབབ་འཕར་སྒོར་ཁྲི་60རག་གི་ཡོད། མ་ཟད་ཞིང་དལ་དུས་སུ་ད་དུང་གྲོང་མི་སྒྲིག་འཛུགས་ཀྱིས་དབྱར་རྩྭ་དགུན་འབུ་དང་ཤ་མོ་སྔོག་འཐུ་བྱེད་ཀྱི་ཡོད་པས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2ལྷག་ཙམ་རག་གི་ཡོད། སིལ་མདའ་རང་བྱུང་གྲོང་ཚོར་ངལ་ནུས་ཕྱིར་གཏོང་གི་ཡོང་འབབ་ཕུད་ད་དུང་ཞོག་ཁོག་དང་སྲན་མ་སོགས་བཏབ་པའི་ཡོང་འབབ་ཡོད།

གྲོང་མིའི་ཡོང་འབབ་ཇེ་མང་དུ་ཕྱིན་པ་མཐོང་སྐབས་ལོ་ཡག་རྒྱལ་མཚན་ལ་དགའ་ཚོར་ཆེན་པོ་སྐྱེས་ཤིང་། ཁོང་གིས“ད་ཆ་མི་སེར་གྱི་འཚོ་བ་ཇེ་ཡག་ཏུ་སོང་ནས་ཁྱིམ་ཚང་ཚང་མར་སྐྱིད་སྣང་དོད་པའི་ཁང་པ་ཡོད་པ་དང་། ཟས་གོས་སྣ་ཁ་འཛོམས་པ། ཕྲུ་གུ་སློབ་གྲྭར་སྐྱོད་པར་སློབ་ཡོན་མི་དགོས་པ་མ་ཟད། ད་དུང་ཞིང་ཁ་འདེབས་སྐབས་འཕྲུལ་ཆས་ཀྱང་ཡོད་པ་དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཤ་སྟག་རེད”ཅེས་བཤད།

གྲོང་ཚོའི་འཕོ་འགྱུར་སྐོར་གླེང་སྐབས། ལོ་ཡག་རྒྱལ་མཚན་གྱིས་ང་རང་གི་བདེ་སྐྱིད་འཚོ་བ་དེ་ཡང་ཏང་གི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་ཞེས་བཤད།

ལོ་ཡག་རྒྱལ་མཚན་ཁྱིམ་དུ་མི་ལྔ་ཡོད་པའི་ནང་ལོ་ཡག་རྒྱལ་མཚན་དང་། བུ་རྒན་པ་འཇམ་དབྱངས་ཚེ་རིང། བུ་མོ་འཇམ་དབྱངས་ཆོས་མཚོ་བཅས་མི་གསུམ་ཏང་ཡོན་རེད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་ལོ་ཡག་རྒྱལ་མཚན་ཉིན་ལྟར་གྲོང་ཚོའི་ལས་དོན་ཁག་ལ་བྲེལ་བ་དང་། བཟའ་ཟླ་ཆོས་ཉིད་ཚེ་སྒྲོན་གཟུགས་པོ་ཐང་པོ་ཡོད་པས་ཞིང་ཁ་དང་སྔོ་ཚལ་འདེབས་ཞོར་ལ་ཚ་བོར་ལྟ་རྟོག་བྱེད་ཀྱི་ཡོད། བུ་རྒན་པ་འཇམ་དབྱངས་ཚེ་རིང་ཟོག་འདྲེན་རླངས་འཁོར་གཏོང་གི་ཡོད་པས་ལོ་རེར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་རག་གི་ཡོད། བུ་མོ་འཇམ་དབྱངས་ཆོས་མཚོ་སློབ་ཆེན་ཐོན་རྗེས་གཞུང་ལས་པའི་ཡིག་རྒྱུགས་འཕྲོད་ནས་བྲག་གཡབ་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ནང་ལས་ཀ་བྱེད་ཀྱི་ཡོད། བུ་ཆུང་བ་འཇམ་དབྱངས་སྨོན་ལམ་ནི་མཐོ་རྩོད་ཨར་འདམ་བཟོ་གྲྭར་ལས་ཀ་བྱེད་ཀྱི་ཡོད་པས་ཟླ་རེར་གླ་ཕོགས་སྒོར་ཁྲི་གཅིག་ལྷག་ཙམ་ཡོད། ནང་མི་ཚང་མ་རང་རང་སོ་སོའི་ལས་གནས་ཐོག་དཀའ་སྤྱད་འབད་བརྩོན་བྱེད་བཞིན་ཡོད་པས་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད།

“ཉེ་བའི་ལོ་ཤས་རིང་། ང་ཚོའི་གྲོང་ཚོར་ལོ་ལྟར་ཕྲུ་གུ་སློབ་ཆེན་ལ་རྒྱུགས་འཕྲོད་པ་དེ་དགའ་འོས་པའི་བྱ་བ་ཞིག་རེད། དེ་ཡང་ང་ཚོའི་གྲོང་ཚོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་རེ་བ་རེད”ཅེས་ལོ་ཡག་རྒྱལ་མཚན་གྱིས་དགའ་སྤྲོའི་ངང་བཤད།