འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས26ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་བསྐྱར་སྒྲིག་དང་མཉམ་སྒྲིག་ལས་དོན་གྱི་སྙན་སེང་ལ་གསན་ཞིང་། ཁོང་གིས་བསྐྱར་སྒྲིག་དང་མཉམ་སྒྲིག་མགྱོགས་མྱུར་ངང་སྐུལ་འདེད་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་གཏིང་ཟབ་ཕྱོགས་སུ་སྐུལ་སྤེལ་བཅས་བཏང་སྟེ། ཆབ་་མདོའི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་ཡོད།
ཀྲང་ཅན་ཧྭ་དང་། ལིས་གོ་ཅན། ཆིས་ཡན་ཧུའེ། ཝུའུ་དབྱིང་ཧུའེ། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་། ཉི་མ་ཚེ་རིང་། ཐོགས་མེད་ཤེས་རབ། ཧུའུ་ཏན་ཧྥུའུ་བཅས་ཚོགས་འདུར་ཞུགས་ཡོད།
ཀུང་ཧུའེ་ཚའེ་ཡིས2023ལོའི་ཟླ10པར། གྲོང་ཨུད་ཀྱིས་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་གཞུང་ཁོངས་ཁེ་ལས་བསྐྱར་སྒྲིག་དང་མཉམ་སྒྲིག་ལས་དོན་བཀོད་སྒྲིག་བྱས་ཚུན། ཚན་པ་ཁག་དང་ཁེ་ལས་ཁག་གིས་འགན་འཁྲི་ནན་ཏན་སྒྲུབ་པ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་མ་འཇོག་དང་། ནུས་རྒྱུ། གཏེར་ལས། ཞིང་ལས་གསར་སྤེལ། རིག་གནས་ཡུལ་སྐོར་བཅས་ཚོགས་པ་ཀུང་སི་ཆེ་གྲས5བཙུགས་ཡོད། གཞུང་ཁོངས་ཀྱི་མ་རྩའི་སྒྲོམ་གཞི་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། རྒྱུ་ནོར་གཙང་བཤེར་དང་ཞིབ་རྩིས་ལས་དོན་ལ་ཕན་འབྲས་དངོས་ཐོན་ཞིང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་མ་ལག་སྔར་བས་ཚན་རིག་དང་མཐུན་ལ། གཞུང་ཁོངས་རྒྱུ་ནོར་བདག་གཉེར་བྱེད་སྟངས་རིམ་བཞིན་ཚད་ལྡན་དུ་ཕྱིན་པ་སོགས་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་མཉམ་སྦྲེལ་དང་བསྐྱར་སྒྲིག་ཐད་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་ཅེས་བཤད།
ཀུང་ཧུའེ་ཚའེ་ཡིས་གཅིག་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མཉམ་སྦྲེལ་དང་བསྐྱར་སྒྲིག་ལ་སྐུལ་སྤེལ་གང་མགྱོགས་གཏོང་དགོས། གཉིས་ནས་དམིགས་འབེན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོ་དག་སྟོབས་ཆེ་རུ་གཏོང་དགོས། གསུམ་ནས་ཚོང་རའི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་ཁེ་ལས་ཀྱི་གསོན་ཤུགས་སྐུལ་སྤེལ་ནུས་ལྡན་བྱེད་དགོས། བཞི་ནས་བཅོས་སྐྱོང་གི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་ཁེ་ལས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏང་རྒྱུར་ཤུགས་སྣོན་རྒྱག་དགོས། ལྔ་ནས་དངོས་སྒྲུབ་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པའི་ནན་བཤད་གནང་ཡོད།