འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3ཚེས21ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས15པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི2024ལོའི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་ཞུར་གསན་ཡོད།
ཚོགས་འདུའི་ཐོག་རིམ་པ་ཁག་དང་ཚན་པ་ཁག་གིས་རྣམ་གྲངས་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་བཙུགས་ནས་རྣམ་གྲངས་འཛུགས་སྐྲུན་དང་ཆབ་མདོའི་གོང་འཕེལ་གྱི་ངེས་གནས་ཟུང་འབྲེལ་བྱེད་པ་དང་། ས་མཐོའི་སྐྱེ་ཁམས་ལ་འཚམ་པའི་གྲོང་ཁྱེར་འཛུགས་སྐྲུན་དང་ཟུང་འབྲེལ་བྱེད་པ།
བོད་ཤར་རྒྱུད་ཀྱི་དམིགས་བསལ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རང་བྱུང་རྒྱུ་རྐྱེན་དང་ཟུང་འབྲེལ་བཅས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ཕན་འབྲས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་རྣམ་གྲངས་ཀྱིས་བརྟན་ཐོག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་རྣམ་གྲངས་ཀྱི་དུས་འགོའི་རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱེད་དགོས་ཤིང་། ཆབ་མདོའི་འཕེལ་རྒྱས་ཀྱི་དོན་དངོས་དང་དམངས་འཚོའི་དགོས་མཁོར་གཞི་ཚུགས་པ་དང་།གྲོང་གསེབ་དར་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ། གྲོང་ཨུད་ཀྱི“22445”སྤྱི་དོན་རིག་ལམ་ལ་དམིགས་ནས་ཁ་ཕྱོགས་གསལ་སྟོན་དང་གཙོ་གནད་འབུར་ཐོན། རྣམ་གྲངས་ཀྱི་དུས་འགོའི་ཇུས་འགོད་ཞིབ་ཚགས་བཅས་བྱེད་དགོས་ཤིང་མིག་སྔའི་དུས་རིམ་གྱི་རྣམ་གྲངས་སྐུལ་སྤེལ་གཏོང་རིམ་ཁྲོད་ཀྱི་དཀའ་ངལ་ཡོད་པའི་གནད་དོན་དམ་འཛིན་ནན་པོ་དང་། གནད་དོན་ཁྲིད་ཕྱོགས་མཐའ་འཁྱོངས། རྒྱུ་རྐྱེན་གཙོ་བོ་འགན་ལེན། ཆེད་དོན་རྣམ་གྲངས་འབྲེལ་མཐུད་དང་ཞིབ་ཐོ་མེད་པར་བཟོ་བ་བཅས་བྱེད་དགོས་ཤིང་། གོ་སྐབས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་དང་མ་དངུལ་འཇོག་ཕྱོགས་ལ་རྩེ་གཅིག་ཏུ་དམིགས་པ། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བཅས་བྱས་ཏེ། རྨང་གཞི་འདིང་བ་དང་ཞན་ཆ་གསབ་པ། ཕུགས་ལ་ཕན་པ་བཅས་ཀྱི་རྣམ་གྲངས་ཁག་ཅིག་ནུས་ཤུགས་ཡོད་རྒུས་ཐུམ་སྒྲིལ་དང་གསོག་འཇོག་བྱས་ཏེ། སྲིད་ཇུས་ཀྱི་དགེ་མཚན་དག་དངོས་གནས་དྲང་གནས་ཀྱིས་དོན་འཁྱོལ་ཐུབ་པའི་རྣམ་གྲངས་བཟང་པོར་འགྱུར་བ་བྱེད་དགོས་ཤིང་། གཅིག་གྱུར་གྱིས་མཐུན་སྦྱོར་དང་འགྲིལ་ཤུགས་ཆགས་པར་བྱས་ཏེ་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོས་རྣམ་གྲངས་ཇུས་འགོད་ཀྱི་འགན་འཁྲི་ཁུར་ནས་རང་འཁྲིའི་ནུས་པ་འདོན་སྤེལ་བྱེད་པ་དང་། སྒོ་འབྱེད་དང་དངོས་གཉེར་གྱི་རྣམ་འགྱུར་འཛིན་ཏེ། ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་རྣམ་གྲངས་ཇུས་འགོད་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་ནན་པོ་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ནས། འགན་འཁྲི་ནན་དུ་གཏོང་བ་དང་། འགྲོ་ལམ་འགྲིམ་འགྲུལ་དང་མེ་ཟོན་བདེ་འཇགས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་བཅས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ། བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་ཐོན་རྒྱུར་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཤིང་། ཡིག་བསྐུར་ངོ་བཅར་གྱི་དམངས་དོན་འདུ་ཤེས་མཐའ་འཁྱོངས་བྱས་ནས། ཡིག་བསྐུར་ངོ་བཅར་ལས་དོན་གྱི་གཞུང་དོན་གྲོས་བསྡུར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡིག་བསྐུར་ངོ་བཅར་གྱི་དོན་དག་ཐོག་མར་སྒྲུབ་པ། མཉམ་འབྲེལ་ཐོག་ཡིག་བསྐུར་ངོ་བཅར་སྣེ་ལེན་ཞུ་བ། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་གྱོད་གཞི་འགན་གཙང་ལེན་ནས། ཡིག་བསྐུར་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བ་བཅས་གཤམ་སྐྱོད་བྱེད་པའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་མངོན་མེད་རྐྱེན་ངན་སྣ་ཚོགས་ཀྱི་འགལ་བ་གཞི་རིམ་ནས་སེལ་ཐུབ་པ་དང་གྱོད་དོན་ཐོན་མ་ཐག་ནས་ཐག་གཅོད་ཐུབ་དགོས་ཞེས་ནན་བཤད་གནང་ཡོད།

