འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3པའི་ཚེས་5ཉིན་ནི“ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོ”ཐེངས་61པ་ཡིན་ལ། ལྗོངས་ཡོངས་ཀྱི“དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སྐུལ་སྤེལ་ཉིན་མོ”ཡང་ཡིན། དེ་ཉིན་ཕྱི་དྲོར2024ལོའི་ཆབ་མདོ་གྲོང་ཁྱེར་གྱི“ལའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི”དང་བླངས་ཞབས་ཞུའི་བྱེད་སྒོ་དང་གཞོན་ནུ་དང་བླངས་པའི་ཞབས་ཞུའི་ཡན་ལག་རུ་ཁག་བཙུགས་པའི་དར་ཆ་སྤྲོད་པའི་མཛད་སྒོ་ཇ་རྟའི་ཐང་ཆེན་དུ་འཚོགས་ཡོད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་བྱེད་སྒོར་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ“ལའེ་ཧྥུང་གི་སྙིང་སྟོབས་རྒྱུན་འཛིན་དང་། དུས་རབས་ཀྱི་དར་སྲོལ་གསར་པ་དར་སྤེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཨུད། ་གྲོང་ཁྱེར་ཤེས་དཔལ་འཛུགས་གཏོད་གཞུང་དོན་ཁང་། གྲོང་ཁྱེར་ཤེས་དཔལ་འཛུགས་གཏོད་གཞུང་དོན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་རེད།
བྱེད་སྒོ་སྤེལ་རིང་ཀུང་ཧུའེ་ཚའེ་སོགས་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། སློབ་གསོའི་གདོང་ལེན་པ་དང་། ནུབ་རྒྱུད་འཆར་གཞི། བརྟན་ལྷིང་སྲུང་སྐྱོང་གི་འཕྲལ་སྡོམ། སྨན་བཅོས་རོགས་སྐྱོབ། ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་སོགས་གཞོན་ནུའི་དང་བླངས་ཞབས་ཞུ་རུ་ཁག་9ལ་དར་ཆ་གནང་བ་རེད། གཞོན་ནུ་དང་བླངས་པའི་ཞབས་ཞུའི་ཡན་ལག་རུ་ཁག་གི་ཁོངས་མི་ཡོངས་ཀྱིས་དང་བླངས་པའི་དར་ཆར་ཁ་ཕྱོགས་ནས་མཉམ་དུ་དམ་བཅའ་བརྟན་པོ་བཞག་པ་རེད།
སྒྲོལ་དཀར་གྱིས་ཤིས་ཚིག་གནང་སྐབས། ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཡོངས་ཀྱི་དང་བླངས་ཞབས་ཞུའི་རྩ་འཛུགས་ཁག་དང་རྒྱ་ཆེའི་དང་བླངས་པས་ཏང་གི་འབོད་སྐུལ་དང་ལེན་གང་ལེགས་ཞུས་ཏེ་རིགས་གཞུང་སྒྲོག་འགྲེལ་དང་། སློབ་སྐྱོར་སློབ་རོགས། སྨན་བཅོས་བདེ་ཐང་། ཚན་རིག་ཁྱབ་གདལ། བཅའ་ཁྲིམས་རོགས་སྐྱོར་སོགས་ཐད་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ངོ་ཐུག་གདོང་ཕྲད་དང་སྙིང་ཉེ་བའི་དང་བླངས་ཞབས་ཞུ་མཁོ་འདོན་བྱས་ཏེ། ཤེས་དཔལ་གྲོང་ཁྱེར་གཏོད་པ་དང་། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གཟི་མདངས་བསྣན་ཡོད་ཅེས་གསུངས་པ་རེད།
སྒྲོལ་དཀར་གྱིས་འདི་ལོ་ནི་ཤེས་དཔལ་གྲོང་ཁྱེར་སྐབས་བདུན་པ་གཏོད་པའི་མཇུག་བསྡུ་དཔྱད་ཞིབ་ལོ་ཞིག་ཡིན་ལ།《ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་འགོ་ཚུགས་ལོ་ཞིག་ཀྱང་ཡིན། རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་དང་བླངས་པ་ཚོས་དང་བླངས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་ནས་གྲོང་ཨུད་ཀྱི“22445”སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམིགས་པ་དང་། ལས་འགན་ལྕི་པོ་འཁུར་ཕོད་པ་དང་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་པ། གཙོ་རྒྱུན་རིན་ཐང་སྐྱེད་སྲིང་བྱེད་པ། ཤེས་དཔལ་སྲོལ་བཟང་སྐྱེད་སྲིང་། དང་བླངས་ཞབས་ཞུའི་བྱེད་སྒོ་ཏན་ཏིག་སྒྲུབ་པ། ངོས་འཛིན་གསལ་པོ་ཐུབ་པ་དང་སྐྱེ་སྟོབས་ཆེ་བའི་རོགས་སྐྱོར་ཞབས་ཞུའི་སྤུས་རྟགས་བཟོ་བ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་སུ་དང་བླངས་སྙིང་སྟོབས་ལ་སྣང་ཆེན་དང་དང་བླངས་ཞབས་ཞུར་སྤྲོ་སེམས་འཕེལ་བའི་དར་སྲོལ་བཟང་པོ་ཞིག་ཆགས་པ་བྱེད་དགོས་ཞེས་བསྟན།
ཇ་རྟའི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་དོད་པོ་བྱུང་ཡོད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་རོགས་སྐྱོར་ཞབས་ཞུའི་ཡན་ལག་རུ་ཁག་9དང་གྲོང་ཨུད་རྩ་འཛུགས་པུའུ་སོགས་ཞུགས་མཁན་ཚན་པ་9ཡིས་ཇ་རྟའི་ཐང་ཆེན་དུ་དྲིལ་བསྒྲགས་སྟེགས་བུ་བཙུགས་པ་དང་། དང་བླངས་པ་ཚོས་དགེ་མཚན་འདོན་སྤེལ་བྱས་ཏེ་འགྲོ་འོང་བྱེད་མཁན་གྲོང་མི་ཚོར་སྨན་སྐྱེལ་བ་དང་། གཅེས་སེམས་མཚོན་པར་བྱེད་པ། ཤེས་དཔལ་ལྡན་པའི་ལག་རྟགས་སྤྲོད་པ་སོགས་དང་བླངས་པའི་ཞབས་ཞུ་མཁོ་འདོན་བྱས་པ་དང་། སྲིད་ཇུས་ཁྲིམས་སྲོལ་དང་བཟའ་བཅའི་བདེ་འཇགས།མེ་ཟོན་བདེ་འཇགས། འགྲིམ་འགྲུལ་བདེ་འཇགས། གློག་འཕྲིན་ཐོག་ནས་གཡོ་ལེན་ལ་ངོ་རྒོལ། འཕྲལ་སྡོམ་མྱུར་སྐྱོབ་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།