འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐེངས114པ་འཆར་ཉེར་ཡོད་པའི་སྐབས་སུ། ཟླ་3ཚེས་7ཉིན་གྱི་སྔ་དྲོ། ངེད་གྲོང་ཁྱེར་གྱིས་བཅིངས་འགྲོལ་ཐང་ཆེན་དུ་ལས་རིགས་ཁག་གི་ཕུལ་བྱུང་བུད་མེད་ལ་གཅིག་སྡུད་ཐོག་འཚམས་འདྲི་བྱས་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་བུད་མེད་དུས་ཆེན་གྱི་དྲན་གསོའི་བྱེད་སྒོ་སྤེལ་ཡོད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་བྱེད་སྒོར་ཞུགས་ཡོད།
བྱེད་སྒོ་དེ་“ཏང་གི་རྗེས་སུ་འབྲངས་ནས་རྒྱང་ལམ་གསར་པར་འབད་བརྩོན་བྱེད། མཁས་མཛངས་བུད་མེད་ཀྱིས་དུས་རབས་གསར་པར་བྱས་རྗེས་བཞག”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་འགན་འཁུར་བ་དེའི་དམིགས་ཡུལ་ནི་ལས་རིགས་ཁག་དང་། མི་རིགས་ཁག ལས་རིགས་ཁག་གི་སྔོན་ཐོན་དཔེ་བཟང་ཅན་གྱི་བུད་མེད་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིར་འཚམས་འདྲི་བྱས་ཏེ་བུད་མེད་ཀྱི་སྙིང་སྟོབས་འཕེལ་བ་དང་བུད་མེད་ཀྱི་རྣམ་འགྱུར་གསར་པ་མངོན་པ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོས་སྤྱོད་ཡོན་གཉིས་ལྡན་དང་ཕུགས་འདུན་དོན་གཉེར་གྱི་འབད་འཐབ་བྱ་རྒྱུར་སྔར་བས་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་རང་འགུལ་ངང་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་རེད།
བྱེད་སྒོའི་ཐོག་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་དང་། མེ་ཟོན། ཁོར་ཡུག་འཕྲོད་བསྟེན། སྨན་བཅོས་འཕྲོད་བསྟེན། སློབ་གསོ། ཁྲལ་དོན། དམངས་གཉེར་ཁེ་ལས། གཞུང་ཁོངས་ཁེ་ལས་བཅས་ཁོངས་གཏོགས་ཀྱི་ཕུལ་བྱུང་གི་བུད་མེད་ལས་བཟོའི་འཐུས་མི་དང་དེ་བཞིན་རིམ་ཁག་ཕུལ་བྱུང་གི་ཁྱིམ་ཚང་དང་། “གསུམ་བརྒྱད་དར་དམར་བ་”མཉམ་སྡེབ། “མཛངས་མས་བྱས་རྗེས་བཞག་པའི་”མི་སྒེར་བཅས་ལ་གཅིག་སྡུད་ཐོག་འཚམས་འདྲི་གནང་བར་ཁྱོན་འཐུས་མི་60ཡོད་པ་རེད། ཀུང་ཧུའེ་ཚའེ་ཡིས་ཕུལ་བྱུང་བུད་མེད་ཀྱི་འཐུས་མིར་ཁ་བཏགས་གནང་བ་དང་ཁོང་ཚོར་བྱམས་བརྩེའི་ངང་ཕྱག་བཏང་སྟེ་ཁོང་ཚོར་མཛེས་སྡུག་ལྡན་པའི་དུས་ཆེན་གྱི་སྨོན་འདུན་དང་གུས་འདུད་ཞུས་པ་རེད།
གྲོང་སྤྱི་གཞོན་པ་གྲོང་ཁྱེར་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་སྒྲོལ་དཀར་གྱིས་ཤིས་ཚིག་གསུངས་ཡོད།
གཅིག་སྡུད་ཐོག་འཚམས་འདྲི་མཇུག་བསྒྲིལ་རྗེས་གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱིས་ད་དུང་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག་སྣ་མང་ཕུན་སུམ་ཚོགས་པའི་བུད་མེད་དུས་ཆེན་གྱི་བྱེད་སྒོ་སྤེལ་བ་རེད།
བཅིངས་འགྲོལ་ཐང་ཆེན་གྱི་ཤར་རྒྱུད་དུ་ཁེ་དབང་སྲུང་སྐྱོང་འགན་ནུས་སྡེ་ཚན་12ཀྱིས་དྲིལ་བསྒྲགས་སྟེགས་བུ་གྲལ་འགྲིག་པོས་སྒྲིག་པ་དང་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་འགྲོ་འོང་བྱེད་མཁན་གྲོང་མིར་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་མ་ཟད་དངོས་སྤྱོད་ཀྱི་དྲིལ་བསྒྲགས་ལག་རྟགས་ཆུང་ཆུང་སྤྲད་པ་རེད།
ཀུང་ཧུའེ་ཚའེ་སོགས་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ས་གནས་ས་ཐོག་ཏུ་བུད་མེད་དུས་ཆེན་གྱི་དྲན་གསོའི་བྱེད་སྒོ་སྤེལ་ཚུལ་ལ་ལྟ་ཞིབ་བྱས་ཡོད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ནོར་བུ་བྱེད་སྒོར་ཞུགས་ཡོད་པ་རེད།