འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་རྣམ་པའི་ཐོག་ནས་ཁ་རུབ་གྲོང་ཁུལ་དུ་སྤྱི་ཚོགས་བརྟན་ལྷིང་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཡོད།
ཀུང་ཧུའེ་ཚའེ་ཡིས་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་སྦྲེལ་བདེ་འཇགས་ཉིང་ལག་རུ་ཁག་དང་། ཚན་རིག་ཡིད་རྟོན་ཉིང་ལག་རུ་ཁག རྒྱལ་ནང་བདེ་འཇགས་སྲུང་སྐྱོབ་ཉིང་ལག་རུ་ཁག ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག ཁ་རུབ་ཆུས་སྤྱི་བདེ་ཅུད་བཅས་སུ་ཕེབས་ནས་ལས་ཀའི་གནས་ཚུལ་སྙན་ཞུ་ནན་ཏན་ངང་གསན་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་གྲོང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་དང་ཞི་མཐུན་བརྟན་ལྷིང་བཅས་འགན་ལེན་བྱ་ཆེད་ལེགས་སྐྱེས་གང་ལེགས་ཕུལ་བར་ཁས་ལེན་གནང་བ་དང་། རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་སྤྱི་བདེ་ལས་ཁུངས་ཀྱི་ལས་འགན་ཨང་དང་པོ་དེ་ཡིན་པས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུའི་སྤྱིའི་དམིགས་ཚད་དེར་དམ་པོར་དམིགས་ཏེ་སྤྱི་བདེའི་གཙོ་འགན་འཁུར་བའི་ལས་དོན་ཡག་པོ་བསྒྲུབ་དགོས་ལ། ཚན་རྩལ་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱོད་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཉེན་ཁ་དང་རྐྱེན་ངན་སྣ་ཚོགས་གཞི་རིམ་ནས་མེད་པ་བཟོ་དགོས་ཞེས་ནན་བཤད་གནང་ཡོད།
ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པར་ཀུང་ཧུའེ་ཚའེ་ཡིས་སློབ་གྲྭར་དཔྱིད་དུས་བསྐྱར་དུ་སློབ་སྦྱོང་བྱེད་པའི་ལས་དོན་སྤེལ་ཚུལ་ལ་ལྟ་ཞིབ་གནང་ཡོད། ཁོང་གིས་རིམ་ཁག་སློབ་གྲྭས་སློབ་མ་གཅིག་སྡུད་ངང་སློབ་གྲྭར་ཕྱིར་ལོག་བྱེད་རིང་གི་འགྲོ་ལམ་འགྲིམ་འགྲུལ་དང་བཟའ་བཅའི་བདེ་འཇགས། འགན་ལེན་ཁག་བཅས་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པ་དང་། སློབ་གྲྭས་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། སློབ་གྲྭའི་བདེ་འཇགས་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་ནས་སློབ་གསོའི་ཁྱབ་ཁོངས་བདེ་འཇགས་དང་བརྟན་ལྷིང་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
འགུ་རུབ་གྲོང་རྡལ་སྲིད་གཞུང་དུ་སླེབས་རྗེས་ཀུང་ཧུའེ་ཚའེ་ཡིས“འགུ་རོ་གྲོང་རྡལ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་དྲ་མིག་ཅན་གྱི་དོ་དམ་མ་ལག”གི་བརྙན་ལམ་མ་ལག་བརྒྱུད་གྲོང་ཚོ་ཁག་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་སྤེལ་རེས་བྱས་ཏེ་གྲོང་ཚོ་དང་གྲོང་འབངས་ཁག་གིས་ལས་རེས་བྱས་ཚུལ་ཤེས་རྟོགས་གནང་བ་མ་ཟད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་ཚོས་མང་ཚོགས་ལ་སྣེ་ཁྲིད་བྱ་རྒྱུར་དམིགས་པ་དང་ནུས་པ་འདོན་སྤེལ་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“གཙོ་གནད་ལས་འགན་ལྔ”ཡག་པོ་བསྒྲུབ་རྒྱུར་དམིགས་ནས་འཇོན་ཐང་ཆེ་རུ་གཏོང་བ་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ་ཀྲི་པུའུ་ཚང་མ་མཁར་རྫོང་གཅིག་དང་ཏང་ཡོན་ཚང་མ་དར་ཆ་གཅིག་ལྟ་བུར་འགྱུར་བ་བྱེད་དགོས་ཞེས་ནན་གསུང་གནང་ཡོད།
ཀུང་ཧུའེ་ཚའེ་ད་དུང་ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་ལས་རེས་མི་སྣ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་བཀོད་འདོམས་ལྟེ་གནས་ཀྱི་འཁོར་སྐྱོད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཡོད།