国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年02月20日

དུས་ཆེན་རྗེས་ཀྱི་ལས་ཀའི་ཉིན་དང་པོར། སེམས་ཤུགས་རབ་འཕེལ་ལེའུ་གསར་པ་འབྲི།

ཟླ་2ཚེས་18ཉིན་ནི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གུང་གསེང་རྗེས་ཀྱི་ལས་ཀའི་ཉིན་དང་པོ་ཡིན་ཞིང་། ཉིན་དེར་ལས་བྱེད་ལས་བཟོ་ཚོས“དུས་ཆེན་གཏོང་བའི་སྤྲོ་སྣང”ནས“ལས་ཀའི་རྣམ་པར”བསྒྱུར་ཏེ་ལས་ཀའི་སྤྲོ་སེམས་ཀྱིས་ཁེངས་བཞིན་དུ་ལས་དོན་ཁག་ཕུན་སུམ་ཚོགས་པོའི་ངང་སྤེལ་འགོ་རྩོམ་ཐུབ་པའི་འགན་ལེན་བྱེད་ཀྱི་འདུག

ཆུ་ཚོད་9དང་སྐར་མ་30ཙམ་ལ་གྲོང་ཨུད་དྲིལ་བསྒྲགས་པུའུ་གསར་འགྱུར་ཚན་ཁག་དང་། “སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི”སློབ་སྦྱོང་ལས་སྟེགས་དོ་དམ་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་སྔ་མོ་ནས་གཞུང་དོན་ཁང་དུ་ཡོང་ནས་རྒྱུན་གཏན་ལྟར་ལས་ཀ་སྒྲུབ་བཞིན་ཡོད།

“དེ་རིང་ནི་དཔྱིད་གསར་དུས་ཆེན་རྗེས་ཀྱི་ཉིན་དང་པོ་དེ་ཡིན་ཞིང་། ངས་དུས་ཆེན་གྱི་རྣམ་པ་ནས་ལས་ཀ་བྱེད་པའི་རྣམ་པ་ཞིག་ཏུ་འགྱུར་རྒྱུ་དང་། སྤྲོ་སེམས་རབ་ཏུ་འཁོལ་བ་དང་ངར་ཤུགས་ཆེན་པོ་བཅངས་ནས་ལས་གནས་སུ་ཞུགས་རྒྱུ་ཡིན། ན་ནིང་།“སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི”ཆབ་མདོའི་སློབ་སྦྱོང་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ལས་ས་ཁུལ་རིམ་པའི་ལས་སྟེགས་དང་པོར་གྱུར་ཏེ“སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི”ཆབ་མདོའི་སློབ་སྦྱོང་ལས་སྟེགས་མཁོ་འདོན་བྱེད་ཚད་དང་སྤྱོད་ཚད་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ཨང་དང་པོར་སླེབས་ནས་གྲུབ་འབྲས་མི་དམན་པ་ཐོབ་ཡོད། འདི་ལོ་ང་ཚོས་ཡང་འབད་བསྐྱར་འབད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ“སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི”སློབ་སྦྱོང་ལས་སྟེགས་ཀྱིས་རིགས་པའི་གཞུང་ལུགས་ལ་དྲག་ཆས་སྤྲོས་པ་དང་། གླེང་ཕྱོགས་ལ་བརྟེན་ནས་ཁྲིད་སྟོན་བྱེད་པ། དྲིལ་བསྒྲགས་སློབ་གསོ་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མཉམ་འདྲེས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ། ས་གནས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ། ཆབ་མདོའི་གཏམ་རྒྱུད་ཡག་པོ་ཤོད་པ། ཆབ་མདོའི་སྐད་སྒྲ་བརྒྱུད་སྤེལ་ཡག་པོ་བཅས་བྱ་རྒྱུ་ཡིན།”ཞེས་གྲོང་ཨུད་དྲིལ་བསྒྲགས་པུའི“སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི”སློབ་སྦྱོང་ལས་སྟེགས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལི་ཅན་ཡུན་གྱིས་བཤད།

གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དུའང་བྲེལ་འཚུབ་ཀྱི་རྣམ་པ་ཁེངས་པ་དང་གཞུང་དོན་ཁང་ཁག་གི་ལས་དོན་མི་སྣ་ཚོས“དུས་ཆེན་གཏོང་བའི་སྤྲོ་སྣང”ནས“ལས་ཀའི་རྣམ་པར”བསྒྱུར་ཏེ་ལས་ཀར་སྤྲོ་སེམས་ཀྱིས་འཇུག་གྱིན་ཡོད། གྲོང་ཁྱེར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རྗེས་ཀྱི་དུས་ཆེན་གྱི་“བློ་འགུགས”ཚོགས་འདུ་འཚོགས་པ་དང་། ཚོགས་འདུ་གྲོལ་རྗེས་ལས་བྱེད་པ་དང་ལས་བཟོ་ཚོས་མགྱོགས་མྱུར་ལས་ཀའི་ནང་ཞུགས་ཏེ་སྤྲོ་སེམས་རབ་ཏུ་འཕེལ་བ་དང་རྣམ་པ་གསར་རྐྱང་གི་ཐོག་ནས་ལས་ཀའི་ནང་ཞུགས་ཡོད།

ངེད་གྲོང་ཁྱེར་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་གྲོང་མི་གཅིག་རྗེས་གཉིས་མཐུད་ངང་ལས་སྒོ་གཉེར་བར་ཡོང་ཞིང་ལས་སྒྲུབ་སྐར་ཁུང་རྒྱུན་གཏན་ལྟར་འཁོར་སྐྱོད་བྱས་ཏེ་ལས་དོན་ཞབས་ཞུ་ལེགས་སུ་བཏང་ནས་ལས་དོན་སྒྲུབ་པར་ཡོང་མཁན་མང་ཚོགས་ལ་རོགས་རམ་དང་ཞབས་ཞུ་བྱེད་པ་བཅས་གསར་འགོད་པས་མཐོང་བྱུང་།

གནམ་ལོ་གསར་བར་རྣམ་པ་གསར་བ་མངོན། རྒྱང་བསྐྱོད་ལམ་བུ་གསར་བར་འབད་པས་བསྐྱོད། ངེད་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་བྱ་བར་སྤྲོ་སེམས་ཆེན་པོ་བཅངས་ཏེ་རང་རང་གི་ལས་ཀར་བྲེལ་ཞིང་། འགན་འཁྲི་གསར་བ་ཕྲག་ཏུ་བླངས་ནས་བྱ་བ་སྐས་རིམ་གསར་བར་སྙེགས་པར་འཆར་འགོད་བྱེད་པ་དང་། ཚང་མས་རྣམ་འགྱུར་དྲང་ཞིང་སྤྲོ་སེམས་འཁོལ་བའི་ངང་ལོ་གསར་བའི་ནང་གི་བྱ་བར་བརྩོན་ཏེ་དར་རྒྱས་དང་། ཞི་མཐུན། མཛེས་སྡུག བདེ་སྐྱིད། དེང་རབས་ཅན་བཅས་ཀྱི་ཆབ་མདོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།