2023ལོར་ཕྱིར་མིག་བལྟས་ཚེ། རང་ལྗོངས་ཀྱིས་དཔལ་འབྱོར་ཐད་ཀྱི་གནོན་ཤུགས་ཐེག་ཐུབ་པ་དང་དཀའ་ངལ་ཁྱད་བསད་བྱས་པས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མགྱོགས་མྱུར་འཕར་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་བྱུང་བ་མ་ཟད། འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ཆབས་ཅིག་དཔལ་འབྱོར་གྱི“སྤུས་ཚད”བརྟན་པོའི་ངང་འཕར་ཏེ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2392.67ཟིན་པ་དེ་དུས་མཚུངས་ལས་9.5%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
ཉེ་ཆར། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་ཁྲུའི་ཁྲུའུ་ཀྲང་ཕུར་བུ་བཀྲ་ཤིས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། 2023ལོར་བོད་ཀྱི་དཔལ་འབྱོར་གྱི“འབོར་ཚད”མགྱོགས་མྱུར་འཕར་བར་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་པ་སྟེ། གཅིག་ནི་རིམས་ནད་སོགས་ཀྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་ནས་2022ལོའི་སྤྱིའི་གཞི་གྲངས་ཅུང་དམའ་རུ་ཕྱིན་ནས་རྗེས་མཐུད་འཕར་སྣོན་ལ་བར་མཐོངས་ཅུང་ཆེན་པོ་མཁོ་འདོན་བྱས་པ་དང་། གཉིས་ནི་2023ལོ་ནས་བཟུང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་རང་ལྗོངས་ཀྱི་མཁོ་སྤྲོད་དང་དགོས་མཁོ་ཕྱོགས་གཉིས་ནས་མཉམ་དུ་ཤུགས་བརྒྱབ་སྟེ་མཉམ་ཤུགས་གཅིག་སྒྲིལ་གྱིས་དཔལ་འབྱོར་མགྱོགས་མྱུར་འཕར་བར་སྐུལ་འདེད་བཏང་བ་དེ་རེད་ཅེས་བརྗོད།
ཕུར་བུ་བཀྲ་ཤིས་ཀྱིས་བརྗོད་དོན། 2023ལོར་བོད་ཀྱི་དཔལ་འབྱོར་གྱི“སྤུས་ཚད”བརྟན་པོའི་ངང་མཐོ་རུ་ཕྱིན་པ་ཕྱོགས་གསུམ་གྱི་ཐད་ནས་མངོན་པ་སྟེ།
གཅིག་ནས་ཐོན་ལས་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཞིང་། “ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ”བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་མཐའ་འཁྱོངས་ཀྱིས་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱས་པ་དང་། བཟོ་ལས་ཀྱི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་བརྟན་པོའི་ངང་འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་54%ཡན་ཟིན་ཡོད། དེའི་ནང་དྲ་སྦྲེལ་གྱི་འབྲེལ་ཡོད་ཞབས་ཞུའི་ལས་རིགས་གཉེར་སྐྱོང་ཡོང་འབབ་ལྡབ་གཉིས་ཡན་འཕར་བ་དང་། དྲ་ཐོག་ཚོང་དོན་ཐད་ཀྱི་ཉོ་ཚོང་50%ཙམ་འཕར་ཡོད།
གཉིས་ནས་དགོས་མཁོའི་ཕྱོགས་ཀྱི་མི་མངོན་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཞིང་། “རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པས། འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས་པའི”འདུ་ཤེས་བརྟན་པོར་བཙུགས་ནས་གཙོ་གནད་རྣམ་གྲངས་ཀྱི་འཆར་འགོད་བཀོད་སྒྲིག་བྱེད་མགྱོགས་སུ་བཏང་སྟེ་རྣམ་གྲངས་ཆེ་གྲས་ཀྱི་གྲངས་འབོར་18.1%འཕར་ནས་མ་འཇོག་ལེགས་སྒྲུབ་བྱེད་ཚད་27.1%འཕར་བ་དང་། དམངས་ཁྲོད་ཀྱི་མ་འཇོག་བྱེད་ཚད་8.8%འཕར་ནས་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་ལས་བརྒྱ་ཆའི་གྲངས་10ཙམ་འཕར་བ། མཐའ་མཚམས་འགག་སྒོ་སྒྲོལ་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཡོད།
གསུམ་ནས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ནུས་པ་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་ཕྱིན་ཞིང་། ནོར་སྲིད་དང་དངུལ་རྩས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པས་ལོ་ཧྲིལ་པོའི་ནོར་སྲིད་ཡོང་འབབ་31.7%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་དངུལ་རྩའི་དངུལ་བུན་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ལྗོངས་ཡོངས་ཀྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལྡབ་གཅིག་ཙམ་འཕར་བ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་25%ཡན་འཕར་བ་དང་ལྷག་པར་དུ་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱི་འགྲུལ་ཟོག་སྐྱེལ་འདྲེན་བྱེད་ཚད་ཚང་མ་100%ཡན་འཕར་བ། གློག་ཤུགས་འགན་ལེན་ནུས་ལྡན་ཐུབ་པ་དང་། སྤྱི་ཚོགས་ཡོངས་སུ་གློག་གཏོང་ཚད་དང་། གློག་སྤྱོད་ཚད། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བཅས་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། དེའི་ནང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་758ཟིན་པ་དང་ནུས་རྒྱུ་གཙང་མའི་འཕྲུལ་འཁོར་ནས་གློག་འདོན་ཚད་95%ཟིན་ཡོད་པ་རེད།