དཔྱིད་གསར་དུས་ཆེན་འཆར་བ་དང་བསྟུན་ནས་ས་གཞི་ཆེན་མོར་སླར་ཡང་དཔྱིད་ཀྱི་དཔལ་ཡོན་བཞད།
ཤིང་འབྲུག་ལོར།རྒྱལ་ཡོངས་མི་དམངས་ཀྱིས་སྙིང་སྟོབས་ཆེར་སྐྱེད་དང་།འབྲུག་འཕྱོ་སྟག་མཆོང་།ཉ་མཆོང་འབྲུག་སྒོའི་ངར་ཤུགས་ལ་བརྟེན་ནས།གསར་འབྱེད་གསར་གཏོད་དང་འབད་འཐབ་ལེགས་སྐྱེས་ཕུལ་ཏེ་ཐུན་མོང་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད།
ཚེས་8ཉིན་གྱི་སྔ་དྲོར།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོར་2024ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྲོ་སེམས་རབ་ཏུ་འཁོལ་བའི་གསུང་བཤད་ཀྱིས་རྒྱལ་ཡོངས་མི་དམངས་ཀྱིས་མི་རིགས་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་ཞུམ་མེད་མདུན་སྐྱོད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྒོ་ཀུན་ནས་སྐྲུན་པའི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་འབད་འབུངས་ཡར་བརྩོན་བྱ་རྒྱུའི་ལྕག་སྐུལ་གནང་བ་རེད།
དགའ་སྤྲོ་རབ་ཏུ་འཁོལ་བའི་ཀྲུང་གོའི་ལོ་གསར།
ཀོང་ཤིས་སན་ཅང་དུ་མི་རྣམས་ཀྱིས་དྲག་ཆར་ཟམ་པ་དང་རྔ་ཁང་ཐང་ཕིང་ཧོ་ཁྲང་ཞིའི་སྟེཊ་བུར་འདུ་འཛོམས་བྱས་ནས་མང་ཚོཊ་ཀྱིས་རང་རྩོམ་རང་འཁྲབ་བྱས་པའི་གྲོང་ཚོའི་མཚན་ཚོཊ་ལ་བལྟས་པ་རེད།
ཀོང་ཤིས་སན་ཅང་ཏུང་རིགས་རང་སྐྱོང་རྫོང་གི་རྫོང་དཔོན་ཁྲེན་ཀྲེན་གྱིས་འདས་ཟིན་པའི་ལོར་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་བློ་བརྟན་འགྱུར་མེད་ངང་འབད་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་དཀའ་ངལ་སྣ་ཚོགས་ཀྱི་འགྲན་སློང་ལས་རྣམ་པར་རྒྱལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པའི་ཐོག་གོམ་སྟབས་བརྟན་པོ་སྤོས་ཡོད་ཅེས་བཤད།གཙང་གསུམ་མི་དམངས་ལ་རྒྱལ་ཁབ་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་ཀྱི་མྱོང་ཚོར་ཟབ་མོ་བྱུང་ནས་རྫོང་དེ་ཡོངས་ཀྱི་ཡུལ་སྐོར་ལས་དོན་མི་སྣ་ཁྲི་1.6ཟིན་པ་དང་ནང་ངོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་བས་ཆེ་རུ་ཕྱིན་ནས་གྲོང་གསེབ་དར་རྒྱས་དེ་མྱུར་བགྲོད་ལམ་བུའི་ཐོག་བསྐྱོད་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད།
ཧྲན་ཏུང་ཞིང་ཆེན་ཁྲང་དབྱི་གྲོང་ཁྱེར་ཅའེ་ཙི་ཁྲོམ་ལམ་སུན་ཞི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སུན་ལན་ཝེས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནང་ལོ་གཅིག་རིང་གི་འབད་འཐབ་ལ་ཕྱིར་དྲན་གནང་ནས་སྤྱིར་བཏང་མིན་པའི་གྲུབ་འབྲས་ཕྱོགས་བསྡོམས་གནང་བ་ལས་ང་ཚོ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོའི་སེམས་ནང་གི་མྱོང་ཚོར་ཟབ་མོ་མཚོན་ཡོད་ཅེས་བཤད། ཁོང་གིས་ལོ་གསར་པའི་ནང་ང་ཚོས་ཚང་མའི་སྣེ་ཁྲིད་དེ་མུ་མཐུད་མཉམ་ལས་ཁང་རྒྱ་སྟོབས་ཆེ་རུ་བཏང་ནས་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་བཏང་སྟེ་གྲོང་མིའི་ཡོང་འབབ་སྔར་བས་མང་དུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
མཚན་མོ་འཆར་ཉེའི་དུས་སུ་རྔ་དང་འཁར་རྔའི་སྒྲ་དང་བཅས་ཏེ་ཨན་ཧུའེ་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་ཝང་མན་ཐེན་གྱི་ཉ་སྒྲོན་རུ་ཁག་གིས་མཉམ་དུ་འབྲུག་གར་འཁྲབ་ཅིང་དེ་ནི་ཧུའེ་ཀྲོའུ་ས་ཁུལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཉར་ཚཊ་ཆ་ཚང་བའི་སྲོལ་རྒྱུན་དམངས་སྲོལ་གྱི་གྲས་ཤིག་རེད།
སྨྱུག་མས་སྒྲོམ་གཞི་བྱེད་པ་དང་།ཤོག་བུས་པགས་པ་བྱེད་པ།ཚོན་སྨྱུག་གིས་རི་མོ་འབྲི་བ།ལོ་42ལ་སླེབས་པའི་ཧྲེ་རྫོང་ཤིས་ཐོའུ་གྲོང་རྡལ་ཝང་མན་ཐེན་གྲོང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཝང་ཧྭ་ཝུའུ་ཡིས་བཟོ་ཁང་ནང་མངགས་ཉོ་བྱས་པའི་ཐོན་རྫས་བཟོ་བཞིན་ཡོད། ཝང་ཧྭ་ཝུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནང་སྤྱི་ཚོགས་ཡོངས་ཀྱི་ལས་གཏོད་གསར་གཏོད་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་པས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཤད། ཁོང་གིས་ཉ་སྒྲོན་ལག་ཤེས་པ་ཞིག་ཡིན་པའི་ངོས་ནས་རྒྱུན་འཛིན་ཁྲོད་གསར་གཏོད་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་རྒྱུན་ཆད་མེད་པར་བྲིན་ཁ་རྒྱུག་པོ་ཡོང་བར་བྱས་ནས་ཀྲུང་ཧྭའི་རིག་གནས་དང་མི་རིགས་ཀྱི་སྙིང་སྟོབས་ཀྱི་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ལོ་ལྟར་ལོ་གསར་དགའ་གཏོང་བྱེད་པ་དང་ལོ་རེ་བཞིན་དུ་བཟང་དུ་འགྲོ།ཀྲུང་ཧྭ་མི་རིགས་ཀྱིས་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་སེམས་ཤུགས་བརྟན་པོར་བཅངས་ནས་རླུང་འཚུབ་ཁྲོད་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་གེགས་བར་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཐད་ཐུགས་ཁྲལ་ཆེན་པོ་གནང་ལུགས་ལས་ཧོ་པེ་ཞིང་ཆེན་ཀྲུའོ་ཀྲོའུ་གྲོང་ཁྱེར་ཏེའོ་ཝོ་གྲོང་རྡལ་དབན་ཆོན་ཀྲོང་གྲོང་ཚོའི་གྲོང་མི་ཧྥུའུ་ཅི་ཅུན་ལ་དྲོ་སྐྱིད་ཆེན་པོ་སྦྱིན་ཡོད། ཁང་པ་གསར་པའི་མདུན་དུ་ལངས་ནས་ཁོང་གི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་གསར་དུ་བསྐྲུན་པའི་ཁང་པ་རྒྱ་ཆེ་ལ་དཀར་ཆ་དོད་པར་མ་ཟད། རྒྱ་ཁྱོན་ཡང་སྔོན་མ་ལས་ཆེ་རུ་ཕྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཐུགས་དབུས་སུ་བཅངས་གནང་ཞིང་།ང་ཚོ་ཏང་གི་རྗེས་སུ་འབྲང་ཚེ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་རེད་ཅེས་བཤད་པ་རེད།
དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་མི་མང་པོ་ཞིག་གིས་ད་དུང་ལས་གནས་བརྟན་སྲུང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་མཉམ་འཛོམས་དང་བདེ་སྐྱིད་སྲུང་སྐྱོང་བྱེད་ཀྱི་ཡོད།
རྒྱལ་ཁབ་གློག་དྲ་ཀྲེ་ཅང་གློག་ཤུགས་གྲུ་གཟིངས་དམར་པོ་གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་མི་ཅ་ཕིང་གིས་དཔྱིད་གསར་དུས་ཆེན་རིང་ང་ཚོས་ལས་གནས་བརྟན་སྲུང་བྱས་ནས་གློག་སྒྲོན་ཁྲི་ཡན་བཞད་རྒྱུར་འགན་ལེན་བྱས་ཏེ་འགྲུལ་པ་ཁྲི་སྟོང་མང་པོའི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་པ་དང་དེ་བཞིན་མགྲོན་ཁང་དང་མཛེས་ལྗོངས་ཁུལ་སོགས་སྤྱི་པའི་འདུ་གནས་ཀྱི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་པར་བྱ་རྒྱུ་ཡིན། མང་ཚོགས་བློ་མགུ་བའི་འཛུམ་མདངས་ནི་ང་ཚོའི་དཔྱིད་གསར་དུས་ཆེན་གྱི་ལག་རྟགས་ཡག་ཤོས་དེ་རེད་ཅེས་བཤད།
ཉེ་ཆར།རང་རྒྱལ་གྱི་ས་ཆ་མང་པོར་གཞི་ཁྱོན་ཆེ་བའི་གངས་འཁྱགས་ཀྱི་གནམ་གཤིས་བསྟན་ཡོད། ང་ཚོས་འབད་བརྩོན་ཆེ་ཤོས་བྱས་ནས་རྒྱ་ཆེའི་འགྲུལ་པ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཁྱིམ་དུ་ལོག་པའི་ལམ་བུའི་ཐོག་བསྐྱོད་རྒྱུ་འགན་ལེན་བྱ་རྒྱུ་ཡིན་ཞེས་ཧྲང་ཧའེ་ལྕགས་ལམ་སྤྱི་བདེ་ཅུས་ཧྲང་ཧའེ་ལྕགས་ལམ་སྤྱི་བདེ་ཁྲུའུ་ཧུང་ཆའོ་འབབ་ཚུགས་མངགས་གཏོང་ཁང་གི་སུའོ་ཀྲང་ཞུས་ལུའུ་ཡིས་བཤད།
ཚ་ཚ་འུར་འུར་ངང་འབད་འབུངས་བྱེད།
ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་ཀྱིས་བརྟན་ཐོག་ཡར་འཕེལ་དང་། བརྟན་པོའི་ངང་ཡར་རྒྱས་ཡོང་བར་སྐུལ་འདེད། སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་བའི་བླང་བྱ་ལག་བསྟར་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་།འཕྱུགས་མེད།ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་སྤྱི་འདོམས་བྱེད་དགོས་ཞེས་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་གསོལ་སྟོན་ཐོག་གི་གསུང་བཤད་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་གསར་གྱི་རྒྱུན་མཐུད་ཡར་བརྩོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།
ཉེ་ཆར། ཤིང་འབྲས་ཁྲེ་ལི་ཙེ་ཏུན་སྟོང་ཕྲག་ཁ་ཤས་བླུགས་པའི་ཆི་ལིའི་གྲུ་གཟིངས་3དང་ཉིན་ཉི་ཤུ་ལྷག་ཙམ་འགྲུལ་བཞུད་བྱས་པའི་དོས་སྒམ་གྲུ་གཟིངས་ཆེན་པོ་སྔ་རྗེས་སུ་ཐེན་ཅིན་གྲུ་ཁར་འབྱོར་བ་རེད།གྲུ་ཁ་དང་།འགག་སྒོ་ལས་ཁུངས།སྐྱེལ་འདྲེན་སོགས་སྡེ་ཚན་དབར་མཉམ་ལས་ནུས་ལྡན་བྱས་ནས་ལས་ཕྱོད་ཆེ་རུ་བཏང་སྟེ་ཆུ་ཚོད་5ཙམ་ལས་མི་འགོ་བར་རྒྱ་མཚོ་སྒྲོལ་ནས་དབོར་འདྲེན་བྱས་པའི་ཤིང་འབྲས་ཁྲེ་ལི་ཙེ་པེ་ཅིང་དང་།ཐེན་ཅིན།ཧོ་པེ་བཅས་ཀྱི་ཤིང་འབྲས་སྡེབ་ཚོང་ཁྲོམ་ར་གཙོ་བོར་ཁྱབ་ཡོད།
ཐེན་ཅིན་གྲུ་ཁ་ཚོགས་པ་ཟོག་འགྲེམས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་ལེས་པེ་ཅིང་དང་།ཐེན་ཅིན།ཧོ་པེ་བཅས་ཀྱི་ཤིང་འབྲས་ཁྲེ་ལི་ཙེ་མྱུར་འདྲེན་ཐོག་ནས་ས་གནས་གསུམ་གྱི་མང་ཚོགས་ལ་མཐུན་སྦྱོར་འཕེལ་རྒྱས་ལས་བྱུང་བའི་ཁེ་ཕན་ཚོར་དུ་བཅུག་ལ།རང་རྒྱལ་གྱི་དཔལ་འབྱོར་སྒུལ་ནུས་སླར་གསོ་ཡོང་བའི་བརྡ་རྟགས་ཆེན་པོ་ཞིག་ཀྱང་མངོན་ཡོད་ཅེས་བཤད།ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་གཙོ་གནད་མངོན་གསལ་དོད་པོ་དང་། འགག་རྩ་དམ་འཛིན།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་གྲུ་ཁའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
རིག་ནུས་འཕྲུལ་མིའི་ཞིབ་འཇུག་ལས་སྟེགས་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པ་དང་ཚན་ཞིབ་མི་སྣས་སྲུང་སྐར་གྱི་འོད་རིག་པར་ཆས་བླུགས་ནས་སྙོམས་སྒྲིག་ཚོད་ལྟ་བྱེད་ཀྱི་ཡོད། དགུན་དུས་སུ་ཅི་ལིན་ཁྲང་ཁྲུན་གྲོང་ཁྱེར་དུ་གནས་པའི་ཁྲང་ཀོང་སྲུང་སྐར་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིའི་རིག་ནུས་ཅན་གྱི་བཟོ་གྲྭའི་ནང་ཚ་ཚ་འུར་འུར་གྱི་ཐོན་སྐྱེད་རྣམ་པ་ཞིག་མཐོང་རྒྱུ་ཡོད།
2023ལོར་ཀུང་སི་དེས་ཞིབ་འཇུག་གསར་སྤེལ་བྱས་ནས་ཐོན་སྐྱེད་བྱས་པའི་ཅི་ལིན་རྟགས་ཅན་ཨང་དང་པོའི་སྲུང་སྐར་48གྲུབ་འབྲས་ཐོབ་པའི་ངང་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་མིག་སྔར་རྒྱང་ཚོར་སྲུང་སྐར་108འཁོར་ལམ་ཐོག་སྐྱོད་ནས་འཛམ་གླིང་ཐོག་གི་ཡེ་སྨི་རིམ་པའི་ཚོང་ལས་རྒྱང་ཚོར་སྲུང་སྐར་དྲ་བ་ཆེ་ཤོས་བསྐྲུན་ཡོད་པ་རེད།
ང་ཚོས་བགྲོད་ལམ་ལ་འགྱུར་ལྡོག་མི་གཏོང་བ་དང་། ཕུགས་བསམ་ལ་འགྱུར་ལྡོག་མི་གཏོང་བ། ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། སེམས་མཐུན་སྟོབས་སྒྲིལ་བཅས་བྱས་ཚེ་མདུན་སྐྱོད་ཁྲོད་ཀྱི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་ཐུབ་ངེས་རེད་ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེ་ལས་ང་ཚོར་ཡིད་ཆེས་བརྟན་པོ་དང་སྟོབས་ཤུགས་ལྡབ་འཕར་བྱུང་ཡོད། ཁྲང་ཀོང་སྲུང་སྐར་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཅ་ཧུང་ཀོང་གིས་ལོ་གསར་པའི་ནང་ང་ཚོས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་སྣེ་ཁྲིད་བྱས་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་ཆགས་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་འོད་སྟོང་འཕྲོ་བའི་ལམ་བུ་ཞིག་ཡིན་ལ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དྲང་བདེན་གྱི་ལམ་བུ་ཞིག་ཀྱང་རེད་ཅེས་མཛུབ་སྟོན་གནང་ཡོད་པ་རེད།
2023ལོར་ཁྲང་ཨན་རླངས་འཁོར་གྱིས་ཐེ་ལན་དུ་ཕྱི་རྒྱལ་གྱི་ཐོན་སྐྱེད་རྟེན་གཞི་དང་པོ་དེ་བཀོད་སྒྲིག་བྱས་ནས་ས་གནས་དེ་གའི་རླངས་འཁོར་ཐོན་ལས་སྦྲེལ་ཐག་གི་གློག་སྒུལ་ཅན་གྱི་ཕྱོགས་སྒྱུར་ལ་སྔར་བས་སྐུལ་འདེད་བཏང་སྟེ་ས་གནས་དེ་གའི་ལས་ཞུགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་རེད། ལོ་གསར་པར་རྒྱང་ལྟ་བྱེད་སྐབས། ཁྲང་ཨན་རླངས་འཁོར་ཨེ་ཤེ་ཡ་ཤར་ལྷོའི་བྱ་གཞག་པུའི་སྤྱི་ཁྱབ་ཅིང་ལི་ཧྲེན་ཤིང་ཧྭ་ཡིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས། སྤུས་ཚད་མཐོན་པོས་མཉམ་དུ་རྒྱུད་གཅིག་ལམ་གཅིག་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་མཉམ་འདྲེས་ཆེན་པོ་དང་།འཕེལ་རྒྱས་ཀྱི་མཉམ་འགུལ་ཆེན་པོ། གྲུབ་འབྲས་མཉམ་སྤྱོད་ཆེན་པོ་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
ལོ་གཅིག་གི་འཆར་གཞི་ནི་དཔྱིད་ལ་ཐུག་པ་དང་། ལོ་གཅིག་གི་ལོ་ལེགས་བཟང་མིན་དེ་དཔྱིད་རྨོད་ལ་ཐུག་ཡོད།
ཞིང་འཕྲུལ་ལ་ཞིབ་བཤེར་བཟོ་བཅོས་དང་། ཞིང་ཁ་ས་སློག་རྒྱག་པ། བཟོ་གྲྭ་ཅན་གྱི་ལྗང་གསོའི་རྟེན་གཞི་བསྐྲུན་པ་སོགས་དཔྱིད་འགོ་ཚུགས་རྗེས།ཅང་ཤིས་ཕུ་ཀྲོའུ་གྲོང་ཁྱེར་ཀོང་ཁྲང་རྫོང་གི་འབྲུ་རིགས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་འབྲུ་འདེབས་དུད་ཆེན་ཏེང་ཕིང་རུང་གིས་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་ཁག་ལ་བསམ་གཞིག་བྱེད་བཞིན་ཡོད་པ་རེད།
ཏེང་ཕིང་རུང་གིས་སྤྱི་ཁྱབ་ཧྲུའུ་ཅིས་ལོ་གཅིག་རིང་འབྲུ་རིགས་སྤྱིའི་ཐོན་འབབ་སླར་ཡང་མཐོ་ཤོས་སུ་སླེབས་པའི་སྐོར་དམིགས་སུ་བཀར་ནས་གསུངས་པས་ང་ཚོར་ལྕག་སྐུལ་ཆེན་པོ་ཐེབས་བྱུང་ཞེས་དང་། ཏེང་ཕིང་རུང་གིས་དཔྱིད་འགོར་ང་ཚོས་འདི་ལོའི་དཔྱིད་རྨོད་ཐོན་སྐྱེད་ཀྱི་དམག་འཐབ་དང་པོ་ཡག་པོ་བརྒྱབ་ནས་ཚན་རྩལ་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་ཚན་རྩལ་ལ་བརྟེན་ནས་ཐོན་ཚད་དང་ཐོན་ནུས་ཡོང་བར་བྱས་ནས་ལོ་གསར་པར་ཐོན་འབབ་ཡག་པོ་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་གི་ཡིན་ཞེས་བཤད་པ་རེད།
བདེ་སྐྱིད་འཚོ་བར་རྫོགས་མཐའ་མེད།
འདི་ལོའི་དཔྱིད་གསར་དུས་ཆེན་རིང་སྤྱི་དམངས་ལ་རིན་མེད་ངང་སྒོ་མོ་ཕྱེ་བའི་ཀྲུང་གོ་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རྟེན་རྫས་བཤམས་མཛོད་ཁང་དུ་མི་ཚོགས་ཀྱིས་ཁེངས་ཡོད།ཀྲའེ་ཙེ་ཀྲུང་གོ་ཞེས་པའི་ཆེད་དོན་འགྲེམས་སྟོན་ནང་ཨེར་ལི་ཐའུ་གནའ་ཤུལ་ནས་ཐོན་པའི་གཡུ་འབྲུག་དབྱིབས་ཀྱི་ཡོ་བྱད་ཀྱིས་སྐྱེ་བོ་ཀུན་གྱིས་ཡིད་དབང་བཀུག་ཡོད།
འབྲུག་ནི་ཀྲུང་ཧྭ་མི་རིགས་གཅིག་གྱུར་ཆེན་པོའི་མཚོན་རྟགས་ཤིག་རེད། པེ་ཅིང་དུ་ལས་ཀ་གནང་མཁན་སྤུན་ཟླ་ཐའེ་དབན་བའི་ཁྲིམས་རྩོད་པ་ཧྲེན་ཅེ་ཡིས་གཡུ་འབྲུག་ལ་ཞིབ་ཕྲ་ལྟ་བཞིན་དུ་མྱོང་ཚོར་ཟབ་མོའི་ངང་སྤྱི་ཁྱབ་ཧྲུའུ་ཅིས་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་སྤུན་ཟླར་ལོ་གསར་གྱི་རྟེན་འབྲེལ་ཞུས་པར་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། འབྲུག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་ངོགས་གཉིས་ཀྱི་སྤུན་ཟླའི་དབར་གྱི་ཁྲག་རྒྱུན་འབྲེལ་བར་ནམ་ཡང་འགྱུར་ལྡོག་འགྲོ་མི་སྲིད་ཅིང་། ང་ཚོས་ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད་ཅེས་བཤད་པ་རེད།
དཔྱིད་གསར་ཆ་ཡིག་འབྲི་བ་དང་། མེ་ཏོག་བྲེག་པ། པར་བརྐོས་རི་མོ་བཟོ་བ་སོགས་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཀུའུ་ཡོན་སྲང་ལམ་སྡེ་ཁུལ་དུ་དཔྱིད་གསར་བསུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། ཚེས་སུམ་ཅུར་སྡེ་ཁུལ་གྱིས་ཁྱིམ་ཚང་བརྒྱའི་གསོལ་སྟོན་གཉེར་བ་དང་མཉམ་དུ་དཔྱིད་གསར་མཚན་ཚོགས་ལ་བལྟས་ནས་ལོ་གསར་ལ་བསུ་བ་ཞུས་ཡོད། ཀུའུ་ཡོན་སྲང་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཡའོ་ཝུན་གྱིས་ལོ་གསར་པའི་ནང་ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་རྒྱུན་ཆད་མེད་པར་སྐོང་རྒྱུ་ཡིན་ཞེས་བཤད་པ་རེད།
མི་དམངས་མཆོག་ཏུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་སོགས་མི་དམངས་ཀྱི་བདེ་སྐྱིད་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སེམས་ནང་གི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་པ་རེད།
པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་ཙི་ཀྲུའུ་ཡོན་ཁྲོམ་གཞུང་ས་ཁོངས་ཀྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་སུ་ཉིན་ལྟར་སྔ་དྲོའི་ཆུ་ཚོད་11ཙམ་ལ་རྒན་རྒོན་མི་ཉུང་བ་ཞིག་གིས་བང་བསྒྲིགས་ནས་ཉ་ཤ་རླངས་བཙོས་དང་། ཉ་ཤའི་ཅའོ་ཙེ་སོགས་ཁ་ལག་ཟ་གི་ཡོད། བཟའ་བཏུང་ཕུད་ད་དུང་སྐྲ་བཞར་བ་དང་ལྟ་རྟོག་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པས་རྒན་རྒོན་ཚོས་རང་ཁྱིམ་ནས་ཐོན་མི་དགོས་པར་དགོས་མཁོ་སྣ་ཚོགས་སྐོང་ཐུབ་ཀྱི་ཡོད། པེ་ཅིང་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀུའོ་ཧན་ཆའོ་ཡིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་སེམས་ནུས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་དཀའ་ངལ་དང་། འཕྲལ་མཁོ། སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་།རྒན་རྒོན་ཚོའི་སྒོ་འགྲམ་གྱི་རྒན་གསོའི་ཞབས་ཞུ་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ལ་བདེ་སྐྱིད་ཚོར་སེམས་དངོས་འབྲེལ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།
སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་ཟླ་2ཚེས་17ཉིན་ནང་སོག་ཏུ་འགོ་ཚུགས་རྒྱུ་ཡིན་པ་རེད། འགྲན་ཚོགས་མ་འཚོག་གོང་རྒྱལ་ཡོངས་ཀྱི་འཐུས་མི་ཚོགས་པ་21གི་གངས་འཁྱགས་ལུས་རྩལ་ལ་དགའ་པོ་བྱེད་མཁན་400ལྷག་ཙམ་གྱིས་མང་ཚོགས་ཀྱི་རྣམ་གྲངས་འགྲན་རར་འབད་འབུངས་ཧུར་ཐག་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གནང་སྐབས་ཁྲེང་ཏུའུ་ཡི་སློབ་ཆེན་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲོའུ་ཡི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་བསྔགས་བརྗོད་གནང་ཞིང་། རང་རྒྱལ་གྱི་ལུས་རྩལ་པས་གྲུབ་འབྲས་བཟང་པོ་བཏོད་ནས་མང་ཚོགས་ཀྱི་ལུས་རྩལ་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།ནང་སོག་ཧུའུ་ལུན་པེར་གྲོང་ཁྱེར་ནས་ཡིན་པའི་ལོ་58ལ་སླེབས་པའི་གངས་འཁྱགས་ལུས་རྩལ་ལ་དགའ་པོ་བྱེད་མཁན་ལིའུ་གོ་ཝུའེ་ཡིས་ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དེ་བས་མང་བ་ཞིག་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་ནང་ཞུགས་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། དཔྱིད་ཀ་གསར་པར་རྡོག་ཐོན་གསར་པ་བྱེད། རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་དང་པོ་ཨའེ་ཏ·མའོ་ཏུའུ་རྟགས་ཅན་གྱིས་གནམ་གང་དང་གནམ་ལོ་གསར་ཚེས་ཀྱི་ཉིན་ལྔ་ཡི་ནང་འགྲུལ་པ་8000ལྷག་ཙམ་ལ་མཚོ་ཐོག་གི་ཀྲུང་གོའི་ལོ་གསར་གྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་པ་རེད།
ཨའེ་ཏ·མའོ་ཏུའུ་རྟགས་ཅན་གྱིས་རྒྱལ་ཁབ་ཆེན་པོའི་བཟོ་སྐྲུན་གཞན་སྒྱུར་རིམ་སྤོར་དང་མཐོ་ཚད་གསར་པ་ཞིག་གཏོད་ཡོད། ཨའེ་ཏ་སྦྲག་སྐྱེལ་གྲུ་གཟིངས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དབྱང་གོ་པིང་གིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་།ཐོན་རྫས་གསར་གཏོད་དང་རིམ་སྤོར་ཞབས་ཞུ་ཟམ་མི་ཆད་པར་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།
རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མི་སེམས་ལ་སྐུལ་མ་ཐེབས་པ་དང་འབད་འབུངས་ཡར་བརྩོན་བྱས་པར་བརྟེན་ཀྲུང་གོ་བ་དུང་ཕྱུར་14ལྷག་ཙམ་གྱིས་སྙིང་སྟོབས་འཕེལ་བ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ། འབད་འབུངས་མདུན་སྐྱོད་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་8ཉིན་འབྱོར་བའི་གློག་འཕྲིན)