国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年02月16日

ཆབ་མདོས་ནུབ་རྒྱུད་འཆར་འགོད་དང་བླངས་པར“ཁྱིམ”གྱི་བྲོ་བ་མྱོང་རོལ་བྱས་པ།

རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ནུབ་རྒྱུད་འཆར་འགོད་དང་བླངས་པ་ཁག་གཅིག་ལས་ཀའི་དབང་གིས་ཁྱིམ་དུ་ལོ་གསར་གཏོང་བར་འགྲོ་ཐབས་མེད་མོད།འོན་ཀྱང་ཚང་མར་གྲོགས་མེད་ཁེར་རྐྱང་ལུས་པའི་ཚོར་སྣང་མེད།ཁོང་ཚོར“ཁྱིམ”དམིགས་བསལ་ཅན་ཞིག་ཡོད་པ་སྟེ།ཆབ་མདོ་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་དང་བླངས་པ་ཚོས་དེ་གར་བརྗེད་དཀའ་བའི་ལོ་གསར་ཞིག་བཏང་བ་རེད།

གནམ་གང་དགོང་མོར།ཆབ་མདོ་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་དང་བླངས་པ་སྒྲིག་འཛུགས་བྱས་ནས། ས་གནས་དེ་གའི་ལས་བྱེད་པ་དབྱངས་ཅན་སྒྲོལ་དཀར་གྱི་ཁྱིམ་དུ་ལོ་གསར་གནམ་གང་གི་ཁ་ལག་མཉམ་དུ་བཟོས་ཡོད་པ་རེད། ཁྱིམ་བདག་མ་དབྱངས་ཅན་སྒྲོལ་དཀར་གྱིས་སྔ་ས་ནས་གྲ་སྒྲིག་བྱེད་འགོ་བཙུགས་ཏེ།དང་བླངས་པ་ཚོར་ཞིམ་ཟས་སྒྲོག་ཙེ་གང་གྲ་སྒྲིག་བྱེད་ཡོད་པས།ཁོང་གིས་དང་བླངས་པ་ཚོ་ཕ་ཡུལ་དང་ཁ་བྲལ་ནས་ཕྱིར་ལས་ཀ་བྱེད་པར་འགྲོ་རྒྱུ་ནི་ལས་སླ་པོ་ཞིག་མིན་པ་ཤེས་ཀྱི་ཡོད།དེར་བརྟེན་ཁོང་གིས་དམིགས་བསལ་གྱི་དུས་ཆེན་དེའི་ནང་ཚང་མར་ཁྱིམ་གྱི་དྲོ་སྐྱིད་ཚོར་དུ་འཇུག་འདོད་ཡོད།

ཚེས་9ཉིན་གྱི་ཕྱི་དྲོ།དང་བླངས་པ་ཚོ་དབྱངས་ཅན་སྒྲོལ་དཀར་གྱི་ཁྱིམ་དུ་སྔ་རྗེས་སུ་ཡོང་ནས་ཉོ་སྒྲུབ་དང་གད་ཕྱིས་རྒྱག་པ།སྔོ་ཚལ་བཀྲུ་བ།ཤ་གཏུབ་པ།གྲོ་ཞིབ་རྫི་བ།ཚལ་བརྔོ་བ་སོགས་ཚང་མའི་ལས་བགོས་ཁ་གསལ་བརྒྱབ་ནས་ཐུན་མོང་ཐོག་དམིགས་བསལ་གྱི་གནམ་གང་གི་དགོང་མོ་དེར་གྲ་སྒྲིག་ཡག་པོ་བྱེད་ཡོད་པ་རེད།

ཚགས་ཤའི་མོག་མོག་དང་དགུ་ཐུག།གྲོ་མ་མར་ཁུ་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་ཕུད།ཧྲན་ཤིས་ཞིང་ཆེན་ཤིན་ཀྲོའུ་གྲོང་ཁྱེར་ནས་ཡིན་པའི་ཏུའུ་ཙེ་ལུང་གིས་རང་ཉིད་ཀྱི་བཟོ་ཤེས་པའི་ཞིམ་ཟས་ཏེ་སྣུམ་བཙོས་ཤ་མོ་སོས་པ་དང་ཁུ་ནག་བྱ་གཤོག་བཟོས་པ་རེད།ཏུའུ་ཙེ་ལུང་གིས་ད་དུང་ཆེད་མངགས་ཁོང་གི་ཨ་མས་ཧྲན་ཤིས་ནས་བསྐུར་ཡོང་བའི་རླངས་བཙོས་ཤ་འདོན་ཏེ། ཁྱིམ་གྱི་བྲོ་བའི་ཐོག་ནས་དང་བླངས་པ་རྣམས་ལ་དྲོ་སྐྱིད་སྦྱིན་ཡོད།

རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་དང་བླངས་པས་ཀྱང་འགྱོན་ནུས་གང་ཡོད་བཏོན་ནས་རང་ཉིད་ཀྱིས་བྱང་ཆ་ལྡན་པའི་ཚལ་ཞིམ་པོ་སྟོན་གྱི་ཡོད་པ་སྟེ།མངར་སྐྱུར་རྩིབ་ཤ་དང་གྲང་ཚལ་བསྟུམས་སྒོང་།སྒོག་པའི་ཤ་སྲེག སྐེ་ཕྱེ་ཞ་སྨི།དམར་བཙོས་ཤ་སོགས་ཚལ་ཚང་མས་རང་རང་གི་ཕ་ཡུལ་གྱི་ཁྱད་ཆོས་མཚོན་གྱི་ཡོད།

དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་དུས་ཚོད་ལྡོག་རྩིས་དང་བསྟུན་ནས་དབྱངས་ཅན་སྒྲོལ་དཀར་གྱི་ཁྱིམ་དུ་དང་བླངས་པ་ཚོ་དང་ས་གནས་དེ་གའི་ལས་བྱེད་པ་ཚོ་མཉམ་དུ་བསྡད་དེ་ཞིམ་ཟས་ལ་རོལ་བཞིན་དགའ་སྤྲོའི་དགོད་སྒྲས་ཁེངས་ནས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བཞིན་ཡོད།