国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年02月16日

གོ་འཇོ་རྫོང་དམངས་སྲིད་ཅུས།

གོ་འཇོ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱིས“དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་བསུ།”ཞེས་པ་བརྗོད་དོན་གཙོ་བོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བྱེད་སྒོ་སྤེལ་ཞིང་། གོ་འཇོ་རྫོང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་རྫོང་དམངས་སྲིད་ཅུས་ཀྱི་ལས་གནས་སུ་ཡོད་པའི་ལས་བྱེད་པ་ཡོངས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་རྒན་རྒོན་27ལ་ལོ་གསར་གྱི་སྨོན་འདུན་ཞུས་པ་དང་།རྒན་རྒོན་ཚོ་དང་མཉམ་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་གཏོང་བྱས་ཏེ་ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་བར་བྱས་པ་རེད།

དམིགས་བསལ་དཀའ་ངལ་ཡོད་པའི་ལྟེ་གནས་སུ་སྒྲོག་ཙེའི་ཐོག་ཤ་སྐམ་དང་།མངར་ཆ།ཤིང་ཏོག་སོགས་ཟས་རིགས་སྣ་ཚོགས་ཀྱིས་ཁེངས་ཡོད་པ་དང་།རྒན་རྒོན་རྣམས་ཀྱིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པ་དང་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ཡོད།

ལས་དོན་མི་སྣས་རྒན་རྒོན་ཚོར་ངོ་མཚར་ཆེ་བའི་ལེ་ཚན《དཀར་གཙང་མཇལ་དར་》དང་།《བཀྲ་ཤིས་ཁམས་བཟང་》《བྱམས་སེམས་ཅན་གྱི་ཨ་མ》སོགས་ལེ་ཚན་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་གླུ་སྒྲའི་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་སྨོན་འདུན་མཚོན་པ་དང་།འཁྲབ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པ་དང་ཡར་རྒྱས་བརྩོན་ལེན་གྱི་བསམ་པའི་ཉམས་འགྱུར་མངོན་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ཐལ་མོའི་རྡེབ་སྒྲ་དང་དགོད་སྒྲས་ཁེངས་ཡོད་པ་རེད།གོ་འཇོ་རྫོང་གི་འགོ་ཁྲིད་ཚན་ཁག་གིས་རྒན་རྒོན་ཚོར་ཁ་བཏགས་གཡོགས་ནས་རྒན་རྒོན་རེར་འཚམས་འདྲིའི་དངུལ་སྒོར་300རེ་སྤྲད་པ་དང་ཁྱོན་འཚམས་འདྲིའི་དངུལ་སྒོར་8500སྤྲད་པ་རེད།