国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年02月16日

ལག་ཤེས་གསེར་གྱི་སྨྱུ་གུ་ཡིས། འཚོ་བ་གསར་པའི་རི་མོ་འབྲི།

གོ་འཇོ་རྫོང་གྲོང་གི་ཟུར་ཞིག

དགུན་ཨ་རང་ད་རང་གི་དུས་ནི། གོ་འཇོ་རྫོང་དུ་འབྲོག་ལས་དལ་བའི་དུས་རེད། སྐལ་བཟང་རྒྱལ་མཚན་ཞོགས་པ་སྔ་པོ་ནས་རང་ཁྱིམ་ནས་ཐོན་ཏེ་མཉམ་ལས་ཁང་དུ་ཉིན་གཅིག་གི་ཐང་ག་བཞེངས་འགོ་ཚུགས།

འདི་ལོ་ལོ་48ལ་སླེབས་པའི་སྐལ་བཟང་རྒྱལ་མཚན་ནི་གོ་འཇོ་རྫོང་སྐྱ་འབེལ་ཤང་བསམ་གྲུབ་ཡར་གྲོང་ཚོ་ནས་ཡིན་ཞིང་། ཁྱིམ་གྱི་ཡོང་འབབ་གཙོ་བོ་ནི་འབྲི་གཡག་གསོ་ཚགས་དང་ནས་བཏབ་པ་ལས་བྱུང་ཞིང་། ཐང་ག་བཞེངས་རྒྱུ་ནི་ཁོང་གི་དགའ་ཕྱོགས་སུ་གྱུར། 2017ལོར་གྲོང་ཚོར་ཐང་གའི་མཉམ་ལས་ཁང་བཙུགས་པས་སྐལ་བཟང་རྒྱལ་མཚན་གྱིས་གོ་སྐབས་དེ་སྤྱད་ནས་འབྲོག་ལས་དལ་བའི་སྐབས་སུ་དེ་གར་ཐང་ག་བཞེངས་པར་ཡོང་གི་ཡོད་པ་དང་ཉིན་རེར་གླ་ཆ་སྒོར་150ལེན་རྒྱུ་ཡོད། སྐལ་བཟང་རྒྱལ་མཚན་གྱིས། ངས་འབད་བརྩོན་ཆེན་པོས་ལག་རྩལ་སྦྱངས་ཚེ་འབབ་འཕར་ཕྱུག་འགྱུར་ཡོང་ངེས་རེད་ཅེས་བརྗོད།

སྐལ་བཟང་རྒྱལ་མཚན་ལས་ཀ་བྱེད་སའི་དེའུ་དམར་སྒྱུ་རྩལ་རྒྱུན་འཛིན་ཆེད་ལས་མཉམ་ལས་ཁང་ནི་བསམ་གྲུབ་ཡར་གྲོང་ཚོའི་གྲོང་མི་དང་བོད་ཀྱི་རིམ་པ་དང་པོའི་ལྷ་རིས་པ་ཤེས་རབ་ཉི་མས་བཙུགས་པ་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན།མིག་སྔར་མཉམ་ལས་ཁང་དུ་ལས་མི་25ཡོད་པ་དང་ལས་བཟོ་བའི་ཉིན་རེའི་གླ་ཆ་མཐོ་ཤོས་ལ་སྒོར་200ལྷག་ཙམ་ཡོད། ཤེས་རབ་ཉི་མས། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག་མཉམ་ལས་ཁང་གིས་རྒྱལ་ཡོངས་ས་གནས་ཁག་ཏུ་ཐང་གའི་འགྲེམས་སྟོན་ཐེངས་མང་བྱས་པ་དང་འབྲེལ། དྲ་རྒྱའི་ཐད་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད་ཐང་གའི་བརྩམས་ཆོས་ཀྱི་མིང་གྲགས་ཆེ་རུ་བཏང་ཡོད་ཅེས་དང་། ད་ཆ་ང་ཚོར་ཟླ་གསུམ་བཞི་ཙམ་ཐང་གའི་མངགས་ཐོ་ཡོད་ཅེས་བརྗོད།

ཤེས་རབ་ཉི་མས་ཐང་ག་བཞེངས་སྐབས་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་བྱེད་དགོས་པར་མ་ཟད།དུས་རབས་ཀྱི་གསར་གཏོད་ལ་ཡང་སྣང་ཆེན་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།ཁོང་གིས།ད་ཆ་འཚོ་བ་ཡག་པོ་འདི་འདྲ་ཡོད་པས།ང་ཚོས་གསར་གཏོད་ལྡན་པའི་བརྩམས་ཆོས་ལ་བརྟེན་ནས་དུས་རབས་འདི་ཟིན་ཐོར་འགོད་དགོས།

སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་དང་དུས་རབས་ཀྱི་གཞི་རྒྱུ་གསར་རྩོམ་ནང་མཉམ་འདྲེས་ཐུབ་པ་བྱེད་རྒྱུ་དེ་ཐང་གའི་སྒྱུ་རྩལ་གྱི་ངོས་ནས་བརྗོད་ན་ལག་གཡས་གཡོན་བཞིན་གལ་ཆེ་མཉམ་རེད་ཅེས་བརྗོད།རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག གོ་འཇོ་རྫོང་གིས་2017ལོར་སྐྱ་འབེལ་ཤང་དུ་མི་རིགས་ལག་ཤེས་བཟོ་ལས་ཀྱི་གསོ་སྦྱོང་རྟེན་གཞི་བཙུགས་པར་ཁྱོན་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་བ་རེད། མིག་སྔར་མཉམ་ལས་ཁང་13གསོ་སྦྱོང་རྟེན་གཞི་དེར་ཞུགས་ཡོད་པ་དེ་དག་ཐང་ག་བཞེངས་པ་དང་དེ་བཞིན་སྤོས་དང་།བོད་སྨན།བོད་བཟོའི་གུར་བཅས་ཀྱི་ཐོན་སྐྱེད་དང་ཕྱིར་ཚོང་སོགས་ལས་རིགས་དང་འབྲེལ་བ་ཡོད་ཅིང་། དེས་ཉེ་འཁོར་གྱི་གྲོང་མི་130ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པས་ཆ་སྙོམས་མི་རེར་ལོ་རེར་འབབ་འཕར་སྒོར་3000ལྷག་ཙམ་བྱུང་ཡོད།

གོ་འཇོ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས། གསོ་སྦྱོང་རྟེན་གཞིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བར་སྒུལ་ནུས་གསར་པ་བསྣན་པ་མ་ཟད། མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་ཡང་ཕན་ཐོགས་ཡོད། ལོ་རེའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གོང་ནི་ལག་ཤེས་ཐོན་རྫས་བྲིན་ཁ་རྒྱུག་ཤོས་ཀྱི་དུས་རེད་ཅེས་ངོ་སྤྲོད་བྱས།