ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཞི་པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་རང་ཁྱིམ་རང་བདག་འགན་ལེན་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད། འདི་ནི་2012ལོའི་ཟླ་12པ་ནས་2023ལོའི་ཟླ་6པའི་བར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གནད་བཏུས་བྱས་པ་ཞིག་རེད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། ཀྲུང་གོར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལག་ལེན་བསྟར་བ་ནི་ཉེ་རབས་ཚུན་གྱི་ཀྲུང་གོའི་ཆབ་སྲིད་འཚོ་བའི་ཡིད་སྐྱོ་བའི་བསླབ་བྱར་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ལས་བྱུང་བའི་གཞི་རྩའི་བསྡོམས་ཚིག་ཅིག་དང་། ཀྲུང་གོའི་སྤྱི་ཚོགས་ལོ་ངོ་100ལྷག་ཙམ་རིང་འཕོ་འགྱུར་དང་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བའི་ལོ་རྒྱུས་ཀྱི་འབྲས་བུ་ཞིག ཀྲུང་གོ་མི་དམངས་ཡར་ལངས་ནས་བདག་པོར་འགྱུར་བ་དང་རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་བའི་ལྡོག་མེད་ཀྱི་གདམ་ག་ཞིག་བཅས་རེད། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཡིན་པས། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་བྱེད་པར་འགན་ལེན་བྱེད་ཀྱི་ཡོད། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་རྒྱལ་བབ་དང་དོན་དངོས་དང་མཐུན་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པ། མི་དམངས་རང་ཁྱིམ་རང་བདག་འགན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འགན་ལེན་བྱེད་པ་བཅས་ཀྱི་ལམ་ལུགས་བཟང་པོ་ཞིག་དང་། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ལོ་རྒྱུས་ཐོག་གི་གསར་གཏོད་རླབས་པོ་ཆེ་ཞིག རང་རྒྱལ་གྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལོ་རྒྱུས་ཙམ་མ་ཟད་ཐ་ན་འཛམ་གླིང་གི་ཆབ་སྲིད་འཕེལ་རྒྱས་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ཆབ་སྲིད་ལམ་ལུགས་གསར་རྐྱང་ཞིག་བཅས་ཡིན་པ་ལག་ལེན་ལས་ར་འཕྲོད་ཐུབ་ཡོད།
རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།ཏང་ཀྲུང་དབྱང་གིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་འདུ་ཤེས་གསར་པ་དང་།དགོངས་པ་གསར་པ།བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་པར་གཙོ་བོ་གཤམ་གསལ་གྱི་ཕྱོགས་འགའ་ཡོད་པ་སྟེ། གཅིག་ནི་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་།གཉིས་ནི་ངེས་པར་དུ་ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་འགན་ལེན་མཐའ་འཁྱོངས་བྱེད་དགོས་པ། གསུམ་ནི་ངེས་པར་དུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱེད་དགོས་པ། བཞི་ནི་ངེས་པར་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་དགོས་པ།ལྔ་ནི་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་དགོས་པ། དྲུག་ནི་ངེས་པར་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་རེད།
རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཟབ་ཏུ་བཏང་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་བཏོན་ཡོད། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་ལམ་ལུགས་ཀྱི་གོ་རིམ་ཆ་ཚང་ཞིག་ཡོད་པ་མ་ཟད། ད་དུང་དེའི་ནང་ཞུགས་པའི་ལག་ལེན་ཆ་ཚང་ཞིག་ཀྱང་ཡོད། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་བརྒྱུད་རིམ་གྱི་དམངས་གཙོ་དང་གྲུབ་འབྲས་ཀྱི་དམངས་གཙོ། གོ་རིམ་གྱི་དམངས་གཙོ་དང་དོན་དངོས་ཀྱི་དམངས་གཙོ། ཐད་ཀའི་དམངས་གཙོ་དང་གཞན་བརྒྱུད་ཀྱི་དམངས་གཙོ། མི་དམངས་ཀྱི་དམངས་གཙོ་དང་རྒྱལ་ཁབ་ཀྱི་བློ་སྟོབས་བཅས་གཅིག་གྱུར་བྱུང་བ་དེ་ནི་འཁོར་འབྲེལ་ཧྲིལ་པོ་དང་། ཕྱོགས་ཡོངས། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་དམངས་གཙོ་ཞིག་ཡིན་ལ། ཁྱབ་རྒྱ་ཆེ་ཤོས་དང་། ཆེས་བདེན་ཤོས། གོ་ཆོད་ཤོས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཞིག་ཀྱང་རེད། ང་ཚོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མི་དམངས་རང་ཁྱིམ་རང་བདག་ཏང་གིས་རྒྱལ་སྲིད་སྐྱོང་བའི་སྲིད་ཇུས་དང་བྱེད་ཐབས་ཐད་ནས་ཞིབ་ཕྲ་དང་མངོན་སུམ་མཚོན་པ་དང་།
ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་གང་ཅིའི་ཐད་དང་རིམ་པ་ཁག་གི་ལས་ཀའི་ཐད་ནས་ཞིབ་ཕྲ་དང་མངོན་སུམ་མཚོན་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱེད་པའི་ལས་ཀའི་ཐད་ནས་ཞིབ་ཕྲ་དང་མངོན་སུམ་མཚོན་པ་བཅས་བྱེད་དགོས།
རྩོམ་ཡིག་ནང་ནན་བཤད་བྱས་དོན། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། མི་དམངས་རང་ཁྱིམ་རང་བདག་ལ་ལམ་ལུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།མི་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱས་ཏེ།རིམ་ཁག་མི་དམངས་འཐུས་ཚོགས་ཚང་མ་དམངས་གཙོའི་འདེམས་བསྐོ་བྱས་ནས་ཐོན་པ་དང་། མི་དམངས་ལ་འགན་འཁུར་བ།མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་ལ་འགན་ལེན་བྱེད་དགོས།མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་དབང་ཆ་དང་། ལྟ་སྐུལ་དབང་ཆ།ཐག་གཅོད་དབང་ཆ།བསྐོ་འཐེན་དབང་ཆ་བཅས་ཁྲིམས་བཞིན་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་པ་དང་།མི་དམངས་འཐུས་ཚོགས་ཀྱིས་སྲིད་འཛིན་ལས་ཁུངས་དང་།ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ལ་ལྟ་སྐུལ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ།རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་དང་། ཟིལ་ཤུགས། དབང་གྲགས་བཅས་ལ་སྲུང་སྐྱོང་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་དགོས།དམངས་ཀྱི་བསམ་འདུན་དང་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་འཛུགས་སྐྱོང་ཡག་པོ་བྱེད་དགོས།