འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་31ཉིན།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཁ་རུབ་ཆུས་ལ་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་གནས་ཚུལ་ལ་བརྟག་ཞིབ་གནང་སྟེ། ཁོར་ཡུག་སྲུང་སྐྱོང་བཟོ་པ་དང་།དཔུང་སྡེའི་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ་སོགས་ལས་རིགས་ཀྱི་འཐབ་ས་མདུན་མའི་ངལ་རྩོལ་པར་འཚམས་འདྲི་གནང་བ་མ་ཟད་།གྲོང་ཨུད་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། གྲོང་ཁྱེར་སྲིད་གཞུང་།གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོ་དང་ཁོང་ཚོ་བརྒྱུད་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོར་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
བཅིངས་འགྲོལ་ཐང་ཆེན་དུ་ཀུང་ཧུའེ་ཚའེ་ཡིས་“ལྷན་རྒྱས་སྐུ་ལས་ཁག་སོང་། ལྷན་རྒྱས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།”ཞེས་གསུངས་ཞོར་དུ་ཁོར་ཡུག་གཙང་སྦྲའི་ལས་མི་དང་གླེང་མོལ་གནང་བ་དང་། ཚང་མར་ལས་ཀ་དང་འཚོ་བའི་གནས་ཚུལ་འདྲི་རྩད་བྱས་ཤིང་། རྒྱ་ཆེའི་ཁོར་ཡུག་གཙང་སྦྲ་བྱེད་མཁན་ཚོས་གྲོང་ཁྱེར་འཛུགས་སྐྲུན་ཆེད་དཀའ་སྤྱད་ངལ་རྩོལ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་ལ། ཚང་མས་གནས་གཅེས་ལས་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་ནས་གཙང་ཞིང་མཛེས་པའི་གྲོང་ཁྱེར་གྱི་རྣམ་པ་བཟོ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་གནང་ཡོད། ཁོང་གིས་འབྲེལ་ཡོད་སྡེ་ཚན་གྱིས་ཁོར་ཡུག་གཙང་སྦྲའི་ལས་མིར་སེམས་ཁུར་དང་གཅེས་སྐྱོང་ཡག་པོ་བྱེད་ནས་འགན་ལེན་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་ཅིང་ཁོང་ཚོར་བྱ་བ་དངོས་བསྒྲུབས་ནས་དཀའ་གནད་སེལ་རོགས་བྱེད་པ་དང་། ཁོང་ཚོར་བརྩི་འཇོག་ཐོབ་པ་དང་། འགན་ལེན་ཐུབ་པ། དྲོ་སྐྱིད་ཚོར་ཐུབ་པ་བཅས་བྱེད་དགོས་ལ།
ཚན་རིག་དང་མཐུན་པའི་སྒོ་ནས་སྟོབས་ཤུགས་བཀོད་སྒྲིག་དང་ལུགས་མཐུན་ངང་ལས་རེས་བཀོད་སྒྲིག་བྱེད་ནས་མི་ཚང་མས་བློ་བདེ་པོའི་ངང་ལས་རེས་བྱེད་པ་དང་ལོ་གསར་དགའ་གཏོང་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཆབ་མདོ་ཡན་ལག་དམག་ཁུལ་ཁང་དང་དྲག་ཆས་ཉེན་རྟོག་ཆབ་མདོ་ཉིང་ལག་རུ་ཁག་སོགས་ཆབ་མདོར་བཅའ་སྡོད་བྱེད་མཁན་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་སྐབས་ཀུང་ཧུའེ་ཚའེ་ཡིས་ཉེ་བའི་ལོ་ཤས་རིང་རྒྱ་ཆེའི་ཆབ་མདོར་བཅའ་སྡོད་དཔུང་སྡེས་དཔུང་སྡེ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་སུ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་གང་ལེགས་ཞུ་བ་དང་།ལྷག་པར་དུ་གྲོང་གསེབ་དར་རྒྱས་དང་ཤེས་དཔལ་འཛུགས་གཏོད་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད་ཅེས་གསུངས་ཡོད་ལ།ཆབ་མདོ་ནི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་གསར་བརྗེའི་ས་ཆ་བཟང་ཤོས་ཡིན་པས་དམག་བཀུར་ཁྱིམ་སྐྱོང་གི་སྲོལ་རྒྱུན་བཟང་པོ་ལྡན་ཡོད།ཚན་ཁག་ཆེན་པོ་བཞི་ཡིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དོན་འཁྱོལ་ནན་ཏན་བྱེད་ནས་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གི་གྲོང་ཁྱེར་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། སྔར་རྒྱུན་བཞིན་བཅའ་སྡོད་དཔུང་སྡེའི་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ་དང་།བཅའ་སྡོད་དཔུང་སྡེའི་བྱ་བ་སྔོན་ལ་འཇོག་པ་མཐའ་འཁྱོངས་བྱེད་པ།དཔུང་སྡེའི་དཔོན་དམག་གི་བྱ་བ་དེ་རང་ཉིད་ཀྱི་བྱ་བ་ལ་བརྩིས་ནས་སེམས་ནུས་ཡོད་རྒུས་དམག་བཀུར་ཁྱིམ་སྐྱོང་ལས་དོན་ཡག་པོ་བསྒྲུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཁ་རུབ་ཆུས་ནུབ་ལམ་མངགས་གཏོང་ཁང་དང་ཨོ་རོང་ཁྲོམ་གཞུང་གི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཀུང་ཧུའེ་ཚའེ་ཡིས་ལས་སྒྲུབ་བྱེད་བཞིན་པའི་སྐོར་སྐྱོད་དམིགས་བསལ་ཉེན་རྟོག་པ་དང་དམངས་རོགས་ཉེན་རྟོག་པར་གཟིགས་པ་དང་མཚམས་འདྲི་གནང་ནས།དུས་ཆེན་རིང་གི་ལས་རེས་ལས་སྒྲུབ་གྲ་སྒྲིག་བྱེད་པ་དང་། སྐོར་སྐྱོད་ལྟ་ཞིབ་དོ་དམ་ཚོད་འཛིན།འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་གནས་ཚུལ་སྐོར་བཀའ་འདྲི་ཞིབ་ཕྲ་གནང་ཡོད། ཁོང་གིས་དུས་ཡུན་རིང་པོའི་ནང་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ཚོས་བཀའ་རྒྱ་ཐོས་རྗེས་བྱ་སྤྱོད་སྤེལ་བ་དང་།དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པ།དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་བཅས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་དམངས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་གསུངས་པ་མ་ཟད།དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ནི་ཁྱིམ་ཚང་ཁྲི་ཕྲག་གི་ནང་མི་མཉམ་འཛོམས་ཀྱི་ཉིན་མོ་ཞིག་ཡིན་ཡང་སྤྱི་བདེ་མི་དམངས་ཉེན་རྟོག་པར་དཀའ་ཚེགས་ཆེ་ཤོས་ཀྱི་དུས་ཤིག་ཀྱང་རེད། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཆོད་སེམས་བརྟན་དུ་གཏོང་ནས་གཞན་ལས་ལྷག་པའི་དཀའ་སྡུག་མྱོང་ཐུབ་པ་དང་གཞན་ལས་ལྷག་པའི་དམག་འཐབ་བྱེད་ཐུབ་པའི་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་ལྷག་བསམ་རྣམ་དག་གིས་ལས་ཀ་སྒྲུབ་པ་དང་འགན་འཁྲི་ལེགས་སྒྲུབ་བྱེད་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། མི་དམངས་ཆེད་ཁྲིམས་ལག་བསྟར་བྱེད་པ་བཅས་བྱེད་ནས་དུས་ཆེན་རིང་གི་བདེ་སྲུང་བརྟན་ལྷིང་དང་།འཕྲལ་སྡོམ་ཐག་གཅོད། འགྲིམ་འགྲུལ་འགན་ལེན་སོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་བསྒྲུབས་ཏེ་མི་དམངས་མང་ཚོགས་ལ་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ནས་མང་ཚོགས་ལ་ལོ་གསར་དུས་ཆེན་དགའ་གཏོང་བྱེད་པའི་ཆེད་དུ་བརྟན་ལྷིང་འཆམ་མཐུན་གྱི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་བཟོ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
གཞུང་དོན་དུ་སྐུ་གཤེགས་པའི་ལས་བྱེད་ཉེན་རྟོག་པའི་རྗེས་རབས་པ་བློ་བཟང་རྣམ་རྒྱལ་གྱི་ཁྱིམ་དུ་ཀུང་ཧུའེ་ཚའེ་ཡིས་ཁོང་ཚོའི་ལས་ཀ་དང་།འཚོ་བ།ཕྲུ་གུའི་སློབ་སྦྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ཞིང་།ཁོང་བཟའ་མི་གཉིས་པོས་སྤྱི་བདེ་འཐབ་ཕྱོགས་སུ་དཀའ་སྤྱད་འབད་འཐབ་གནང་བ་ཤེས་རྗེས་ཁོང་གཉིས་པོས་རྒན་རབས་ཚོའི་ཕུགས་རེ་རྒྱུན་འཛིན་བྱས་ནས་ལེགས་སྐྱེས་འབུལ་ཕོད་པ་དང་སྔོན་ལ་འབད་འབུངས་ཀྱིས་ས་གནས་ཀྱི་དུས་བདེའི་འཛུགས་སྐྲུན་ལ་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་བ་མ་ཟད། ཁོང་ཚོར་ཏང་དང་སྲིད་གཞུང་ལ་ཡིད་ཆེས་དང་། རྩ་འཛུགས་ལ་ཡིད་ཆེས། གཟུགས་པོར་གཅེས་སྐྱོང་། དཀའ་ངལ་ལ་གདོང་གཏོད་པ། འཚོ་བར་ཡིད་ཆེས་བརྟན་པོ་བཅས་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། ཀུང་ཧུའེ་ཚའེ་ཡིས་སྤྱི་ཚོགས་ཁྱོན་ཡོངས་ལ་ཞི་མཐུན་བརྟན་ལྷིང་ཡོང་བ་དེ་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་བྲལ་ཐབས་མེད། བློ་མཐུན་བློ་བཟང་ཚེ་རིང་གིས་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་དཔའ་ངར་ཞུམ་མེད་ངང་ཚེ་སྲོག་ལ་བརྟེན་ནས“མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བ”ཞེས་པའི་དམ་བཅའ་བརྟན་པོ་ལག་ལེན་བསྟར་བས་ཆབ་མདོའི་མི་དམངས་ཀྱིས་བརྗེད་མི་སྲིད་ཅེས་གསུངས་ཡོད་ལ། འབྲེལ་ཡོད་སྡེ་ཚན་གྱིས་སྔོན་གཤེགས་དཔའ་བོའི་ནང་མིར་སེམས་ཁུར་དང་ལྟ་རྟོག་ཏན་ཏིག་བྱས་ནས་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་ཁོང་ཚོར་འཕྲད་པའི་དཀའ་ངལ་དངོས་ཐག་གཅོད་ཡག་པོ་བྱེད་རོགས་བྱེད་ནས་ཏང་གི་ཐུགས་ཁུར་དང་རྩ་འཛུགས་ཀྱི་དྲོ་སྐྱིད་སེམས་ནང་སྐྱེལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཆབ་མདོའི་ཏཱ་རུན་ཧྥ་སྒོ་རྩིས་ཚོང་ཁང་དུ་ཀུང་ཧུའེ་ཚའེ་ཡིས་དུས་ཆེན་རིང་གི་ཁྲོམ་རའི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་དང་དེ་བཞིན་མཁོ་སྤྲོད་འགན་ལེན་གྱི་གནས་ཚུལ་ལ་དོ་ཁུར་ཆེན་པོ་གནང་ནས་ཚོང་ཁང་གི་ཤིང་འབྲས་ཚོང་ཁུལ་དང་། སྔོ་ཚལ་ཚོང་ཁུལ། འབྲུ་སྣུམ་ཚོང་ཁུལ་བཅས་སུ་ཕེབས་ཏེ་དུས་ཆེན་རིང་བྲིན་ཁ་རྒྱུག་པའི་ཟས་རིགས་ཀྱི་རིན་གོང་དང་། ཡོང་ཁུངས།ཐོན་ཡུལ། གསོག་ཚད།ཕྱིར་འཚོང་བྱེད་ཚད་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས“ཟ་འབྲུ”དང་། “ཤ་ཚལ་སྒོང་གསུམ” “ཤིང་ཏོག”བཅས་འདང་ངེས་ཡོད་དགོས་ལ།རིན་གོང་འཚམ་པོ་དེ་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད། སྒོ་རྩིས་ཚོང་ཁང་ཆེ་གྲས་ནི་དམངས་འཚོར་འགན་ལེན་བྱེད་པའི་ཁྲོམ་རའི་བྱེད་པོ་ཡིན་པའི་ངོས་ནས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་ལེགས་སུ་གཏོང་བ་དང་ཐབས་ལམ་མང་པོའི་ཐོག་ནས་ཟོག་ཁུངས་སྒྲིག་འཛུགས་བྱས་ཏེ་ཟོག་འབོར་འདང་ངེས་དང་། རིན་གོང་འཚམ་ལ་བརྟན་པོ། སྤུས་ཚད་ལེགས་པ་བཅས་ཀྱི་འགན་ལེན་བྱེད་པ་དང་། ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་པ། གྲོང་མིའི་རིམ་པ་མང་བའི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་བར་འབད་བརྩོན་བྱེད་པ། དུས་ཆེན་གྱི་རྣམ་པ་དང་སྐྱིད་སྣང་དོད་པའི་ཟོག་ཉོའི་ཁོར་ཡུག་བཟོ་བ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།
ཀྲུང་གོའི་རྡོ་སྣུམ་སྟག་རྩ་ཐང་སྣུམ་སྣོན་ས་ཚིགས་སུ་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་སྐབས་ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་བཟུང་ནས་ས་སྲུང་གི་འགན་འཁྲི་ཡོད་པ་དང་ས་སྲུང་གི་འགན་འཁྲི་འཁུར་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་ཨང་དང་པོར་འཇོག་པ་མཐའ་འཁྱོངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མེ་ཟོན། བཟའ་བཅའ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་གྲལ་བཤེར་བཅོས་སྒྲིག་ཁྱོན་ཡོངས་ནས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་འཁུར་སེམས་དང་བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་ཐུབ་པའི་ལག་བསྟར་བྱེད་ནུས་ཀྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་ནས། ནུས་ཤུགས་ཡོད་རྒུས་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་རྣམས་མེད་པ་བཟོས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཝུན་ཧྲེང་དང་། ཝུའུ་དབྱིན་ཧའེ། ཅ་ཤིན་ཡུས། ཏེང་ཝུན་ཁྲང་བཅས་འཚམས་འདྲི་དང་བརྟག་ཞིབ་ནང་ཞུགས་པ་དང་། ཉི་མ་ཚེ་རིང་བྱེད་སྒོ་ཁག་གཅིག་ལ་ཞུགས་པ་རེད།