国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年02月06日

གྲོང་ཁྱེར་ཡོངས་ཀྱི་རྩིས་བཤེར་ལས་དོན་ཚོགས་འདུ་འཚོགས་པ།

ལའོ་ཆིན་འུའུ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་4ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱིས་རྩིས་བཤེར་ལས་དོན་ཚོགས་འདུ་འཚོགས་ནས་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

ལའོ་ཆིན་འུའུ་ཡིས་འདས་ཟིན་པའི་ལོ་གཅིག་ནང་།གྲོང་ཁྱེར་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱིས་ཀྲུང་དབྱང་དང་། རང་སྐྱོང་ལྗོངས།དེ་བཞིན་གྲོང་ཨུད།གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་།རང་འགུལ་ངང་འགན་འཁྲི་འཁུར་བ།ཁྲིམས་ལྟར་རང་འགན་གཙང་སྒྲུབ་བཅས་བྱས་ནས“དཔལ་འབྱོར་གྲུབ་གཞིར་བརྟག་དཔྱད”དང་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གང་ལེགས་ཕུལ་ཡོད་ཅེས་བསྟན་ཡོད།

ལའོ་ཆིན་འུའུ་ཡིས་འདི་ལོ། གྲོང་ཁྱེར་ཡོངས་ཀྱི་རྩིས་བཤེར་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་སྐོར་གྱི་རྒྱས་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་འགོ་ཁྲིད་དེ་རྩིས་བཤེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོབ་བྱེད་པ་དང་། “སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་མཐོ་ཚད་ཐོག་ནས“དུས་དང་རྣམ་པ་ཀུན་ཏུ་སེམས་ནང་འཇོག་པའི”འགན་འཁྲིའི་བསམ་པ་དང“དུས་དང་རྣམ་པ་ཀུན་ཏུ་མིག་ཆེན་པོ་གདངས་ནས་ལྟ་བའི”ཤེས་ཚོར་སྐྱེན་པོས་རང་འགུལ་ངང་བྱས་རྗེས་འཇོག་ཕོད་པ་བྱས་ནས་ཏང་དང་སྲིད་གཞུང་གི་ལས་ཀའི་གཙོ་གནད་གང་ཡིན་པ་དང་རྩིས་བཤེར་བྱེད་དགོས་རིགས་ལ་ཞིབ་བཤེར་ཐུབ་པ་བྱས་ཏེ། རྩིས་བཤེར་ལྟ་སྐུལ་ནུས་ལྡན་བྱས་ནས་སྲིད་བཀའ་ལྟར་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཨུ་ལྷན་གྱི་“22445”ཡི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམིགས་ཏེ་དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་བརྟན་སྲུང་བྱེད་པ་དང་། སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་པའི་རྒྱུན་རྣམ་ཅན་གྱི་རྩིས་བཤེར་ལྟ་སྐུལ་ཡག་པོ་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བར་ཤུགས་རྐྱེན་ཐེབས་པའི་གནད་དོན་དང་།འགག་གནད།དཀའ་གནད་བཅས་ནུས་ཤུགས་ཡོད་རྒུས་གསལ་སྟོན་བྱས་ནས། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་དོན་འཁྱོལ་བྱེད་པ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། གཙོ་གནད་རྣམ་གྲངས་ཀྱི་མ་འཇོག་ཐབས་ཇུས་དང་རྣམ་གྲངས་ཀྱི་སྔོན་གྲབས་ཞིབ་བཤེར་མཆན་འགོད་ལས་གྲྭའི་སྤུས་ཚད་སོགས་སྔ་སྣུར་དུ་ཞུགས་རྒྱུ་དང་།སྒྲུབ་འགོ་འཛུགས་རྒྱུ།མདུན་དུ་བསྐྱོད་རྒྱུ་བཅས་ཀྱི་ལྟ་སྐུལ་བྱས་ནས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཙོ་གནད་དུ་གསལ་སྟོན་བྱས་ཏེ་སྲིད་གཞུང་གིས་ཐབས་ཇུས་འདོན་རྒྱུར་གཞི་འཛིན་ས་མཁོ་འདོན་བྱེད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་སེལ་རྒྱུར་དམ་པོར་དམིགས་པ་དང་། སྲིད་གཞུང་གི་མངོན་མེད་བུ་ལོན་དོ་དམ་ལ་གཙོ་གནད་ཐོག་དོ་ཁུར་བྱེད་པ། གཏིང་སྙིགས་ཀྱི་མ་དངུལ་གཙང་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བུ་ལོན་འཇལ་སྤྲོད་ནུས་ལྡན་མི་བྱེད་པའི་གནད་དོན་ལ་ཞིབ་བཤེར་ནན་པོ་བཅས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅོས་སྐྱོང་དང་སྐྱེ་ཁམས་ཁ་གསབ་མ་དངུལ་དོན་འཁྱོལ་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་དང་མ་དངུལ་གྱི་རྩིས་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཡོད་ཚན་པར་དུས་བཀག་ལྟར་རྩིས་བཤེར་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་འཚོའི་མ་དངུལ་བགོ་བཤའ་དང་བེད་སྤྱོད་བྱེད་པའི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་རྒན་གསོ་དང་། སྨན་བཅོས། འོས་འགན་སློབ་གསོ། ལས་ཞུགས་ལས་གཏོད། གྲོང་གསེབ་དར་རྒྱས་གཏོང་རྒྱུ་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་རྩིས་བཤེར་ལྟ་སྐུལ་རྒྱུན་མཐུད་ངང་སྤེལ་བ་དང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་རྩིས་བཤེར་ལྟ་སྐུལ་དེ་དམངས་འཚོ་འགན་ལེན་གྱི“མཐའ་མའི་འགག་གནད”ནང་ཁྱབ་ཐུབ་པ་བྱེད་དགོས། མ་དངུལ་བཏང་ཕྱིན་ཕན་འབྲས་ཐོན་ཡོད་མེད་ངེས་པར་རྩད་གཅོད་པ་དང་ཕན་འབྲས་ཐོན་མེད་པའི་རིགས་ལ་འགན་འཁྲི་ངེས་པར་དུ་རྩད་ཆོད་ཐུབ་པ་བྱེད་དགོས།་པའི་དོ་དམ་འདུ་ཤེས་བརྟན་པོ་བཙུགས་ནས་དབང་ཆ་གཅིག་སྡུད་དང་མ་དངུལ་འདུས་ཚད་ཆེ་བའི་གཙོ་གནད་སྡེ་ཚན་ལ་རྩིས་བཤེར་གྱི་ཐེངས་གྲངས་སྤར་བར་ཤུགས་སྣོན་བརྒྱབ་སྟེ“དབྱེ་འབྱེད་གསུམ”གྱི་བླང་བྱ་ལྟར་དོན་དངོས་དང་མཐུན་ལ་དྲང་གཞག་གི་སྒོ་ནས་འགན་འཁྲི་དབྱེ་འབྱེད་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།