国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月30日

ལའོ་ཆིན་འུའུ་ཡིས་ཞིང་འབྲོག་ཐོན་རྫས་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”ཁས་ལེན་དཔང་འདོན་དང་དྲ་རྒྱའི་ཐོག་འོས་སྦྱོར་དང་ཕྱིར་འཚོང་གི་ཆེད་དོན་ཚོགས་འདུར་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1ཚེས26ཉིན་གྱི་སྔ་དྲོ།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་ཞིང་འབྲོག་ཐོན་རྫས་ཀྱི“ཐོན་རྫས་གསུམ་དང་སྤུས་རྟགས་གཅིག”ཁས་ལེན་དཔང་འདོན་དང་།དྲ་རྒྱའི་ཐོག་འོས་སྦྱོར་དང་ཕྱིར་འཚོང་གི་ཆེད་དོན་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་རིག་གནས་ཅུས།གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན།ཞིང་ལས་དང་གྲོང་གསེབ་ཅུས།བུད་མེད་ཁེ་ལས་མཁས་ཅན་མཐུན་ཚོགས་སོགས་ལས་རིགས་སྡེ་ཚན་དང་ཁེ་ལས་ཀྱི་འཐུས་མིས་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཐོན་ལས་གཏོད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་།ས་གནས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་སྐྱེད་སྲིང་ཧུར་ཐག་བྱེད་པ།ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་དང་ཁྲོམ་རའི་མཁོ་སྤྲོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གྲོས་བསྡུར་བྱས་པ་རེད།

ལའོ་ཆིན་འུའུ་ཡིས“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”ངོས་འཛིན་དང་དྲ་རྒྱའི་ཐོག་ནས་འོས་སྦྱོར་དང་ཕྱིར་འཚོང་བྱ་རྒྱུ་ནི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཤིག་ཡིན་པས་རང་གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད།དེ་བཞིན་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པས་འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་ཁག་གིས་ལས་དོན་འདིར་ཚད་མཐོའི་མཐོང་ཆེན་བྱས་ཏེ་བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་གསལ་པོ་བཟོ་བ།ནུས་པ་འདང་ངེས་སྦྱོང་བ།མིག་རྒྱང་རིང་དུ་གཏོང་བ།སྲིད་ཇུས་ཀྱི་རོགས་སྐྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ།སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ།སྤྱི་ཡོངས་མཉམ་འགུལ་བྱེད་པ།ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་བ།རང་གྲོང་ཁྱེར་གྱི་ཞིང་ལས་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་ལས་ཐོན་ལས་ཀྱི་ལེགས་ཆ་གསར་པ་ཞིག་ཆགས་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།

ལའོ་ཆིན་འུའུ་ཡིས“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཁས་ལེན་དཔང་འདོན་མུ་མཐུད་རེ་ཞུ་བྱས་ནས་ཆབ་མདོའི་ཁྱད་ཆོས་ལྡན་པའི“ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས”ཁག་ཅིག་གཏོད་དགོས་ཤིང་།“རྟེན་གཞི་ཅན+མ་ལག་ཅན+གཞི་ཁྱོན་ཅན+ཕན་འབྲས་ཅན”བཅས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་མུ་མཐུད་ཁྱབ་གདལ་བཏང་ནས་ཐོན་ལས་སྤུས་ཚད་ཅན་དང་ཚོང་ཟོག་ཅན།སྤུས་རྟགས་ཅན་དུ་བསྒྱུར་རྒྱུར་འཚོལ་ཞིབ་ཟམ་མི་ཆད་པར་བྱེད་དགོས།ཆབ་མདོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་ཀྱི་རིག་གནས་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་ཐོན་རྫས་ཕྱིར་འཚོང་བྱེད་ཚད་ཆེ་རུ་དང་མངགས་ཐོ་ཁོང་དུ་ཆུད་པ་དང་།དྲིལ་བསྒྲགས་དང་འོས་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ།མཉམ་ལས་ཀྱི་ཐབས་ལམ་ཤར་བགྲོད་ཡོང་བ་བཅས་བྱས་ནས་བོད་ཤར་རྒྱུད་ཀྱི་ཞིང་འབྲོག་རིག་གནས་ཀྱི་ཡུལ་སྐོར་ཐོན་རྫས་སྐད་གྲགས་ཆེ་རུ་གཏོང་དགོས།དགུང་སྔོན་དྭངས་གཙང་ཀུང་སིས་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་མཁོ་སྤྲོད་གཙོ་རྐང་དུ་བྱས་ཏེ་ལས་སྟེགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཕུགས་ལ་དམིགས་པ་དང་། ས་ཁོངས་ལ་གཞི་ཚུགས་པ།མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས“ཤ་དང་ཚལ།སྒོ་ང་།འོ་མ།འབྲུ་རིགས”སོགས་ཁྲོམ་རའི་མཁོ་སྤྲོད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།རྫོང(ཆུས)ཁག་གི་ཞིང་འབྲོག་ཐོན་རྫས་ཁྲོམ་རའི་ཐོག་བཀོད་སྒྲིག་ལ་སྤྱི་འདོམས་བྱས་ནས་ཁྲོམ་རའི་སྤྱི་ཁོག་མཁོ་སྤྲོད་དང་སྙོམས་སྒྲིག་གང་ལེགས་ཐུབ་པར་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆུང་བ་དང་ཁ་ཐོར་བ།ཉམས་ཞན་པ་བཅས་ཀྱི་རྣམ་པ་མེད་པར་བཟོ་དགོས་ཤིང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་རང་གྲོང་ཁྱེར་གྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་སྤུས་རྟགས་གཏོད་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ལ་དེ་བས་བདེ་འཇགས་དང་སྐྱོན་བྲལ།སྤུས་ལེགས་བཅས་ཀྱི་ཞིང་ལས་ཐོན་རྫས་མཁོ་འདོན་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་རིག་གནས་ཅུད།གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན།ཞིང་ལས་གྲོང་གསེབ་ཅུད།བུད་མེད་ཁེ་ལས་མཐུན་ཚོགས་སོགས་ལས་རིགས་སྡེ་ཚན་དང་ཁེ་ལས་ཀྱི་འཐུས་མིས་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་དང་ཐོན་ལས་གཏོད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་།ས་གནས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་སྐྱེད་སྲིང་ཧུར་ཐག་བྱེད་ཅིང་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད།ཁྲོམ་རའི་མཁོ་སྤྲོད་སོགས་ལ་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་གནང་བ་རེད།