国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月30日

ལའོ་ཆིན་འུའུ་ཡིས་སློབ་གསོ་དང་རིག་གནས་ཡུལ་སྐོར་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་སློབ་གསོ་དང་རིག་གནས་ཡུལ་སྐོར་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། 2024ལོའི་སློབ་གསོའི་ལས་དོན་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་སྐོར་གསན་ནས་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་བླང་བྱ་ཞིབ་ཕྲ་བཏོན་གནང་བ་རེད། ལའོ་ཆིན་འུའུ་ཡིས་སློབ་གསོ་ནི་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་ཀྱི་མ་འོངས་པ་དང་འབྲེལ་བ་ཡོད་ལ། མི་རིགས་དར་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་རྨང་རྡོ་གལ་ཆེན་ཞིག་ཡིན་པས།གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ།ལས་དོན་ཕྱོགས་བསྡོམས་དང་གནས་བབ་དབྱེ་ཞིབ།སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་སྒྲུབ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ།མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བཅས་བྱས་ཏེ། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་བསྟན་ཡོད། ལའོ་ཆིན་འུའུ་ཡིས་ཀུན་སྤྱོད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོའི་མཉམ་འདྲེས་ནུས་པ་དང་དམིགས་སའི་རང་བཞིན་ཆེ་རུ་ཧུར་ཐག་གཏོང་དགོས་པ་དང་།སློབ་གསོ་པུའུ་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་རང་ལྗོངས་ཀྱི་སློབ་གསོའི་སློབ་གཉེར་ལ་མཛུབ་ཁྲིད་བྱེད་པའི་དགོངས་དོན་ཕྱོགས་ཡོངས་ནས་སྟངས་འཛིན་ཡག་པོ་བྱས་ཏེ།དམ་འཛིན་གནད་ལ་འཁེལ་བའི་ཐོག་ནས་སློབ་གསོ་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་མངོན་འགྱུར་ཧུར་ཐག་བྱེད་དགོས་པ་དང་།བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གནས་ཚུལ་གསལ་པོ་དང་གཞི་གྲངས་གསལ་པོ་ཡོང་བར་བྱས་ཏེ།རང་གྲོང་ཁྱེར་གྱི་སློབ་གསོ་འཛུགས་སྐྲུན་གྱི་ཚད་གཞི་གཅིག་གྱུར་མེད་པ་དང་དོ་དམ་གྱི་བླང་བྱ་ཚད་ལྡན་མེད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས་ཤིང་།འདུ་ཤེས་གསར་བརྗེ་དང་བློ་ཁོག་ཆེན་པོས་གསར་གཏོད།ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་དང་ལས་རིགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བཅས་བྱས་ཏེ་སློབ་གསོ་སྤྱི་ཚོགས་ཅན་དུ་འགྱུར་བའི་བརྒྱུད་རིམ་ནང་མཉམ་འགུལ་མི་ཐུབ་པ་དང་ཐོན་ཁུངས་སྤྱི་འདོམས་མི་ཐུབ་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས་ཞེས་ནན་ངཤད་གནང་ཡོད། ལའོ་ཆིན་འུའུ་ཡིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱིས་གྲོང་ཁྱེར་གྱི་སྤུས་ཚད་འགྱུར་ལྡོག་དང་གྲོང་ཁྱེར་གྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་རྒྱུར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་བཞིན་ཡོད་པ་དང་ས་ཁོངས་ཧྲིལ་པོའི་ཕྱོགས་བསྡུས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་གྱི་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ་ཆབ་མདོའི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་།ཐོན་ཁུངས་བཀོད་སྒྲིག་བྱེད་ཚུལ་ཧྲིལ་པོ་མཐིལ་རྟོགས་ཡག་པོ་བྱེད་པ་དང་ཆབ་མདོའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོ་དང་རང་བྱུང་མཛེས་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན་དང་དཀོན་པའི་རང་བཞིན། ཚབ་བྱེད་མི་ཐུབ་པའི་རང་བཞིན་བཅས་ལ་བརྟེན་ནས་ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོ་ཁོང་དུ་ཆུད་པ་དང་སྐུལ་སློང་བྱས་ཏེ་ཆབ་མདོའི་དོན་དངོས་དང་མཐུན་པའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས་པ་དང་། ཡུལ་སྐོར་རིག་གནས་འཕེལ་རྒྱས་དང་གཙོ་གནད་གྲོང་རྡལ། གཙོ་གནད་ཀྱི་ཐོན་ཁུངས་གསར་སྤེལ་བཅས་ལ་དམིགས་ཏེ་འཆར་འགོད་སྔོན་ལ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་ཅན་དང་ཁྱད་ཆོས་ཅན། སྤུས་ལེགས་ཅན་བཅས་ཀྱི་ཡུལ་སྐོར་རིག་གནས་ཀྱི་ཐོན་ལས་གཏོད་དགོས་ཞེས་བསྟན་ཡོད། ལའོ་ཆིན་འུའུ་ཡིས་རིག་གནས་ཀྱི་རྒྱུ་རྐྱེན་གཙོ་བོ་དམ་འཛིན་བྱེད་ས་འཕྱུགས་མེད་བཙལ་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་རིག་དངོས་སྲུང་སྐྱོང་བེད་སྤྱོད་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱི་རིག་གནས་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཁམས་པའི་རིག་གནས་གཏིང་ཟབ་པའི་སྒོ་ནས་སྔོག་འདོན་གཏིང་ཟབ་བྱེད་པ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཀྱི་རིན་ཐང་མངོན་པ་བཅས་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས་ཤིང་རིག་གནས་འཕེལ་རྒྱས་ཐད་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་པ་དང་། རྒྱུན་འཛིན་འཕེལ་རྒྱས་དང་གསར་གཏོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྒོ་ནས་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ་སྲོལ་རྒྱུན་གྱི་ཁྱད་ཡོན་མངོན་པ་དང་དུས་རབས་ཀྱི་འགྲོས་དང་བསྟུན་ཐུབ་པར་བྱེད་དགོས་ཞེས་ནན་གསུང་གནང་ཡོད། ཧྲི་ཀྲང་གཞོན་པ་ཕུའུ་ཡུས་ཧུས་ཚོགས་འདུར་ཞུགས་ཡོད།