འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1ཚེས27ཉིན། བོད་ལྗོངས་ཆབ་མདོའི་ཡན་ལག་དམག་ཁུལ་ཁང་ཏང་ཨུད་སྐབས་བཅུ་གཅིག་པའི་ཚང་འཛོམས་(རྒྱ་ཆེ)གྲོས་ཚོགས་ཐེངས་བཅུ་བཞི་པ་འཚོགས་ཤིང་།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི། ཆབ་མདོའི་ཡན་ལག་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བོད་དམག་ཁུལ་ཁང་ཏང་ཨུད་སྐབས་བཅུ་གཅིག་པའི་ཚང་འཛོམས(རྒྱ་ཆེ)གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཆབ་མདོའི་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
ཀུང་ཧུའེ་ཚའེ་ཡིས་འདས་ཟིན་པའི2023ལོར་ཆབ་མདོའི་ཡན་ལག་དམག་ཁུལ་ཁང་གི་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་ས་གནས་ལ་ཞབས་འདེགས་ཞུས་ནས་བརྟན་ལྷིང་སྲུང་སྐྱོང་ཁྲོད་གདོང་མཆོང་དང་དཔལ་འབྱོར་འཕེལ་རྒྱས་ཁྲོད་རོགས་རམ་ཤུགས་ཆེན་བྱེད་དེ། ཉེན་སེལ་རོགས་སྐྱོབ་ཁྲོད་དཔའ་ངར་ཆེན་པོས་གདོང་མཆོང་དང་དམངས་འཚོ་ལེགས་གཏོང་ཁྲོད་གཅེས་སེམས་མཚོན་པ། མི་རིགས་མཐུན་སྒྲིལ་ཁྲོད་ཟམ་པ་ལྟ་བུའི་འབྲེལ་ལམ་བཙུགས་པ་བཅས་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱ་ཆེའི་དཔོན་དམག་ཚོས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་དཀའ་ཚེགས་དང་ཉེན་ཁ་ཆེ་བའི་ལས་འགན་ཁྲོད་འགན་འཁྲི་འཁུར་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་དང་།ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་མི་དམངས་དམག་དཔུང་གི་རྣམ་པ་གསར་པ་མངོན་པར་བྱས་ཡོད། 2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་བ་དང་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན་པས། ཆབ་མདོའི་ཡན་ལག་དམག་ཁུལ་ཁང་གི་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ལ་དམ་འཛིན་དང་ལྷག་བསམ་རྣམ་དག་བྱེད་པ། དམག་གྲབས་ཀྱི་ནུས་པ་སྟོབས་ཆེར་གཏོང་བ། ཕྱོགས་སྒྱུར་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད། རྨང་གཞི་བརྟན་དུ་གཏོང་བ། སྤྱོད་ཚུལ་ལ་དམ་འཛིན་དང་སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱས་ཏེ་ཡན་ལག་དམག་ཁུལ་གྱི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་བརྟན་པོ་འཛུགས་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་དགོས་ཤིང་། ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་བློ་ཐག་རྦད་ཆོད་ངང་ཉན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་རྒྱ་ཐོག་མཐའ་བར་གསུམ་དུ་ལག་བསྟར་མཐར་ཕྱིན་དང་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་ལ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་བླ་སྲོག་བསྐྲུན་དགོས། བརྗོད་བྱ་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་སྟེ། དམག་དཔུང་གི་དཔོན་དམག་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་དད་མོས་ཀྱི་རྨང་གཞི་བརྟན་པོ་འདིང་བ།སྙིང་སྟོབས་ཀྱི་འཚོ་བཅུད་ཟབ་འདྲེན།བསམ་བློའི་ཁ་ཕྱོགས་བརྟན་བཟུང་བྱེད་པ།ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་གྱུར་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས།མཐུན་སྦྱོར་གྱི་བྱ་སྤྱོད།འཐབ་འཛིང་གི་སྟོབས་ཤུགས་ཆེན་པོ་བཅས་རྒྱུན་འཁྱོངས་བྱེད་དགོས། མུ་མཐུད་གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་ཆབ་སྲིད་ཀྱི་གཤིས་རྒྱུད་གསོ་སྐྱོང་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་གོ་རྟོགས་དེ་བས་མཐོ་བ”བཅས་ཀྱི་བཀའ་སློབ་ནན་པོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས།“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ཆབ་སྲིད་ཀྱི་སྦྱོང་སྒྲིག་དེ་སློབ་སྦྱོང་སློབ་གསོ་དང་སྦྱོང་བརྡར་གྱི་ལས་འགན་ནང་འདྲེས་པ། རྒྱུན་སྲིང་ལྷོད་མེད་ངང་བསམ་བློ་དག་ཐེར་དང་།སྤྱོད་ཚུལ་དག་ཐེར།སྒྲིག་ཁྲིམས་ལེགས་སྒྲིག་བཅས་བྱེད་དགོས།
ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཏེ། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ་དང་། ཏང་སྲིད་དམག་དང་ཉེན་རྟོག་མི་དམངས་བཅས་མཉམ་འགུལ་གྱི་རྒྱབ་ཕྱོགས་ཞབས་འདེགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དམག་དཔུང་དང་ས་གནས་མཉམ་འགུལ་གྱི་དངོས་འཐབ་ནང་སྦྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་སྒྲུབ། འཕྲལ་སྡོམ་ཐག་གཅོད་བཅས་གཏིང་ཟབ་ཏུ་གཏོང་བ། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དམག་དཔུང་དང་ས་གནས་གཉིས་ཀྱི་ལེགས་ཆ་གསབ་རེས་དང་སྟོབས་ཤུགས་གསབ་རེས་ཀྱིས་ཆབ་མདོའི་བརྟན་ལྷིང་ལ་བརྟེན་ནས་ལྷ་ས་བརྟན་ལྷིང་དང་དེ་ནས་ལྗོངས་ཡོངས་བརྟན་ལྷིང་ཡོང་བར་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་ཤིང་དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་ལམ་སྲོལ་སྔར་བས་འཐུས་ཚང་དང་དོན་འཁྱོལ་བྱེད་དགོས་ལ། རྒྱུན་གཏན་གྱི་ཞབས་ཞུ་དང་འཕྲལ་སྒྲུབ་དུས་བསྟུན། དམག་འཁྲུག་གི་དུས་སུ་ཁ་གཏད་འཇལ་བ་བཅས་བྱས་ཏེ། དམག་དཔུང་དང་ས་གནས་ཀྱིས་ནང་ས་དང་ཆབ་མདོ་ནས་མཐའ་མཚམས་ས་ཁུལ་བར་གྱི་འགྲིམ་འགྲུལ་དང་འཕྲིན་སྐྱེལ། ནུས་རྒྱུ་སོགས་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་ཧུར་ཐག་བྱས་ཏེ། ཆབ་མདོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་སྔར་བས་ལེགས་པར་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་ཧུར་ཐག་བྱ་དགོས་ཏེ། འབྱུང་འཕྲོད་ཀྱི་དམག་སྒར་འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ། སྒར་ཁུལ་དང་དམག་དོན་ཁུལ། མཐའ་འཁོར་གྱི“ཕྱོགས་བཞི”སྔོ་ལྗང་ཅན་དུ་ཧུར་ཐག་གཏོད་པ་དང་། རང་འགུལ་ངང་གྲོང་གསེབ་སྔོ་ལྗང་ཅན་དང་ཐང་རྒོད་ལེགས་བཅོས་སོགས་ཀྱི་ལས་དོན་ནང་ཞུགས་ཏེ། “གཉིས་བཀུར་ནགས་ཚལ”འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་། བོད་ཤར་གྱི་ས་མཐོའི་རྩི་ཤིང་དང་སྔོ་ཞིང་དྭངས་པའི་རི་ཆུ་མཉམ་དུ་སྲུང་སྐྱོང་བྱ་དགོས། མཐའ་མཚམས་འགོག་སྲུང་ལ་སྐུལ་འདེད་གཏོང་དགོས་ཏེ། སྐོར་ཞིབ་ལས་སྒྲུབ་དང་མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་ལས་འགན་གཟབ་ནན་ངང་བཀོད་སྒྲིག་ཡག་པོར་བྱས་ཏེ། དམག་དཔུང་དང་ས་གནས་ཀྱིས་བློ་གཅིག་སེམས་གཅིག་ངང་མཉམ་འགོག་མཉམ་འཛིན་དང་མཐའ་མཚམས་སྲ་བརྟན་དང་འགོག་སྲུང་གི་རྣམ་པ་གསར་དུ་གཏོད་དགོས།
དམག་དམངས་མཉམ་འདྲེས་ཟབ་སྤེལ་དང་དམག་དཔུང་སྟོབས་དང་ལྡན་པའི་རྨང་གཞི་བརྟན་པོར་འདིང་དགོས་ཏེ། ཏང་གིས་དྲག་དཔུང་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་ཨུད་རིམ་པ་ཁག་གིས་རྒྱལ་སྲུང་སྐུལ་སློང་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཏང་གིས་དྲག་དཔུང་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས་ཤིང་། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་དང་རྐང་འཛིན་ཡུལ་དམག་སྒྲིག་གཤོམ་དང་སྟོབས་ཆེར་གཏོང་དགོས་ལ། གཞོན་ནུ་ལོ་ཆུང་རྣམས་དམག་མིར་བསྡུ་བ་དང་ཡུལ་དམག་འཛུགས་སྐྱོང་རྒྱལ་སྲུང་སློབ་གསོ་དྲིལ་བསྒྲགས་བཅས་གང་ཐུབ་བྱེད་དགོས་པར་མ་ཟད། དམག་དཔུང་གིས་དམག་དོན་ལས་འགན་ཁག་སྒྲུབ་པར་རྒྱབ་སྐྱོར་གྱིས་རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་པར་ཞབས་ཞུ་བསྒྲུབ་དགོས།གཉིས་བཀུར་འཛུགས་གཏོད་ལ་རམ་འདེགས་བྱེད་དགོས་ཏེ། དམག་དམངས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས་ཤིང་ཆབ་མདོའི་དམག་མིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྲུང་སློབ་གསོ་ལས་ཁུངས་དང་སློབ་གྲྭ། སྡེ་ཁུལ། ཁེ་ལས། ཞིང་འབྲོག་ཁུལ་བཅས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་དམག་དཔུང་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བ་དང་དམག་ཞབས་ཐིམ་པའི་དམག་མིར་ཞབས་ཞུ་དོ་དམ་བསྒྲུབ་དགོས་ཏེ། དམག་མིའི་ནང་མིའི་ལས་ཞུགས་དང་བུ་ཕྲུག་སློབ་གྲྭར་ཞུགས་པ། དམག་བསྒྱུར་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། མི་དམངས་ཀྱི་དམག་མི་རྣམས“རྗེས་ཕྱོགས་ཀྱི་ལམ་ལ་སེམས་ཁྲལ་མི་དགོས་པ་དང་མི་རབས་རྗེས་མར་སེམས་ཁྲལ་མི་དགོས་པར་བྱ་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་ད་དུང2023ལོའི་སྔོན་ཐོན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་གནང་བ་རེད།