འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་1ཚེས་7ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་་པ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་།ཐང་མིང་ཡིང་།ཀྲང་ཧུང་པོ།ཀུང་ཧུའེ་ཚའེ་བཅས་གྲོས་ཞིབ་ནང་ཞུགས་པ།
ཁྲེན་ཡུང་ཆི་ཡིས་འདས་ཟིན་པའི་ལོ་གཅིག་རིང་ཆབ་མདོ་ཚུད་པའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་དང་འཕེལ་རྒྱས་བྱུང་ནས་དམིགས་ཚད་འགྲོས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཏེ་འདི་ལོའི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་རྒྱུར་རྨང་གཞི་བརྟན་པོ་འདིང་བ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ།“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ལྟེ་བའི་ལས་དོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམ་པོར་དམིགས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཆེ་ཤོས་སུ་བརྩིས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་།འཕྱུགས་མེད། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས་པ་དང་།ལྷག་དོན་དུ་ཆབ་མདོ་གྲོང་ཁྱེར་གྱིས་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གཞིར་བཟུང་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ནང་མཁོའི་སྒུལ་ཤུགས་གཙོ་བོ་ཆེ་རུ་ཧུར་ཐག་གཏོང་བ་དང་མ་འཇོག་ནུས་ལྡན་མུ་མཐུད་རྒྱ་ཆེར་གཏོང་བ། གཙོ་གནད་རྣམ་གྲངས་ཀྱི་འཆར་གཞི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་མངོན་པའི་ནུས་པ་ལྡན་པའི་འཛད་སྤྱོད་ཤུགས་ཆེན་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པ་དང་། ཆབ་མདོ་གྲོང་ཁྱེར་གྱིས་ལྷག་པར་དུ་ཁྲོན་བོད་ལྕགས་ལམ་དང་ནུས་རྒྱུ་གཙང་མའི་རྟེན་གཞི་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལས་གྲྭ་གལ་ཆེན་སྐྲུན་པའི་གོ་སྐབས་ལ་དམ་འཛིན་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་ཐོན་ལས་ཀྱི་བཀོད་པ་འཆར་འགོད་བྱས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། “ཆེས་བཞིའི”ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་དེ་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་གཏིང་ཟབ། དམངས་འཚོའི་བྱ་བ་དངོས་21ཡག་པོ་སྒྲུབ་པ་བཅས་བྱས་ནས་དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བྱེད་ཐབས་དོན་འཁྱོལ་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། ལས་དོན་དངོས་སྒྲུབ་མཁན་བཅས་ཡག་པོ་བྱས་ཏེ《སྙན་སྒྲོན》གྱི་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་དང་དོན་འཁྱོལ་ཏན་ཏིག་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། ཁ་ཡོད་ལག་ཡོད་ཀྱི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།