འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་1ཚེས་4ཉིན། ཆབ་མདོ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱིས་འཐུས་མི་73དང་སྲིད་གྲོས་ཨུ་ཡོན་42ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་སེམས་ལ་བཅངས་ནས་སྙིང་སྟོབས་རབ་འཕེལ་གྱིས་ལྷ་སར་ཕེབས་ནས་ཚོགས་ཆེན་ལ་འབྱོར་ཐོ་བཀོད་ཅིང་། ཁོང་ཚོས་ཆབ་མདོའི་འཕེལ་རྒྱས་ལ་ཐབས་ཇུས་འདོན་པ་དང་སྙིང་གཏམ་ལྷུག་པོར་བརྗོད་བརྩིས་ཡོད་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆོས་དབྱིངས་ལྷ་མོས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་གྲབས་ཡོད་པས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ངས་གཞི་རིམ་མི་དམངས་མང་ཚོགས་ཀྱི་འབོད་སྒྲ་དེ་ད་རེས་ཀྱི་གཟབ་རྒྱས་ཚོགས་འདུ་ཐོག་འདོན་རྒྱུ་ཡིན་པས་ཚོགས་འདུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
འཐུས་མི་དང་ཨུ་ཡོན་ཚོས་ལས་དོན་མི་སྣའི་ཁྲིད་སྟོན་འོག་ས་གནས་ས་ཐོག་ཏུ་གོ་རིམ་ལྡན་པའི་ངང་འབྱོར་ཐོ་འགོད་པ་དང་། ཡིག་ཆ་ལེན་པ། ལག་ཁྱེར་འདོགས་པ་བཅས་བྱས་ཏེ་འབྱོར་ཐོ་འགོད་པའི་འགྲོ་ལུགས་གཉེར་བཞིན་མཆིས། འབྱོར་ཐོ་བཀོད་རྗེས་ཁོང་ཚོས་ལས་ཀའི་རྣམ་པར་ཞུགས་པ་དང་ཡིག་ཆ་ཀློག་པ་དང་ཚོགས་འདུའི་གྲོས་རིམ་ལ་རྒྱུས་མངའ་བྱས་ཏེ་ཚོགས་ཆེན་ཡག་པོ་འཚོག་རྒྱུར་གྲ་སྒྲིག་གང་ལེགས་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རིན་ཆེན་མཚོ་སྒྲོན་གྱིས“ད་ལྟ་ངས་ཚོགས་འདུའི་དཔྱད་གཞིའི་ཡིག་ཆ་ལག་ཏུ་རགས་བྱུང་། སྡོད་ས་ཁང་པར་ལོག་ནས་ནན་ཏན་ཀློག་པ་དང་ཚོགས་ཆེན་འཚོག་རྒྱུར་གྲ་སྒྲིག་ཡག་པོ་བྱེད་པ་དང་མང་ཚོགས་ཀྱི་སྐད་སྒྲ་བརྒྱུད་སྤྲོད་བྱེད་ཀྱི་ཡིན”ཞེས་བཤད། ལྷ་ས་ཧྲེང་ཐེན་ཀྲོའུ་ཅི་གསོལ་མགྲོན་ཁང་ཆེ་མོར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་འབྱོར་ཐོ་བཀོད་ནས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། འདི་ལོ་སྨན་བཅོས་སློབ་གསོ་དང་། གྲོང་གསེབ་དར་རྒྱས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་བརྗོད་གཞི་ནི་སྔར་བཞིན་ཨུ་ཡོན་ཚོས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ཞིག་རེད།
“ང་ད་རེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་པ་ཐེངས་གཉིས་པ་ཡིན། སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག ང་ནི་བྲག་གཡབ་རྫོང་གི་གཞི་རིམ་སློབ་གསོའི་ལས་དོན་པ་ཞིག་ཡིན། ད་རེས་འདོན་པའི་གྲོས་གཞི་དེ་ཡང་སློབ་གསོའི་ཐད་ཡིན། དང་པོ་ནི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དང་གཉིས་པ་ནི་སློབ་མའི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་གནད་དོན་ཡིན། གཞི་རིམ་སློབ་གསོའི་འཐབ་ས་དང་པོ་ནས་ཡོང་བའི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བསྟན་པ་ཆོས་སྒྲོན་གྱིས་ངས་རེ་སྒུག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ལ་ད་ཐེངས་ཀྱི་ཚོགས་ཆེན་ཕུན་སུམ་ཚོགས་པོའི་ངང་འཚོག་རྒྱུའི་རེ་བའང་བྱེད་ཀྱི་ཡོད”ཅེས་བཤད།
མིག་སྔར། ང་ཚོའི་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚང་མས་འབྱོར་ཐོ་བཀོད་ཚར་བ་དང་སླད་ཕྱིན་གྱི་ཉིན་ཁ་ཤས་ནང་ཁོང་ཚོས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཚད་མཐོའི་ཐོག་ནས་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཐབས་འདོན་ཇུས་འབུལ་བྱ་རྒྱུ་རེད།