འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར།སྟེང་ཆེན་རྫོང་མང་ཚོགས་ཚོགས་པའི་ཏང་ཀྲི་པུས“རླབས་ཆེན་བསྐྱར་དར་བསུ་བ་ཞུས་ནས་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་གནམ་ལོ་གསར་ཚེས་ལ་རྟེན་འབྲེལ་ཞུས་པའི་ལས་བཟོའི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོར་ཁྱོན་ལས་བྱེད་པ་དང་ལས་བཟོ་པ་100ལྷག་ཙམ་ཞུགས་ཡོད།གཉའ་རྒྱག་དང་དབུགས་ལྒང་བརྟོལ་བ། རྩམ་པ་དབོར་བ། མཉམ་དུ་མདུན་སྐྱོད་བྱེད་པ།ཐག་མཆོང་། ཐེ་པེད་རྒྱག་པ་སོགས་དགོད་བྲོ་བའི་ལུས་རྩལ་རྣམ་གྲངས་ལ་མི་རྣམས་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།
འགྲན་བསྡུར་ནང་ཞུགས་མཁན་རུ་མི་ཚོས་མ་གྲོས་གཅིག་མཐུན་ངང་མཉམ་ལས་དང་ཞུམ་མེད་མདུན་སྐྱོད་བྱེད་དེ་འོག་གི་ངར་སློང་རུ་ཁག་གིས་ཀྱང་ངར་ཤུགས་ཆེར་བསྐྱེད་ཀྱིས་རུ་ཁག་གི་རུ་མི་རྣམས་ལ་ངར་ཤུགས་སློང་བཞིན་མཆིས།
བྱེད་སྒོ་སྤེལ་ཡུལ་དུ་ངོ་མཚར་ཆེ་བ་དང་འཁྲུག་ཆ་དོད་པོས་ལས་བྱེད་པ་དང་ལས་བཟོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པ་མ་ཟད།ལས་བྱེད་ལས་བཟོའི་ཧུར་བརྩོན་ཡར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་སླར་ཡང་གང་ལེགས་མངོན་ནས་ལས་བྱེད་ལས་བཟོའི་དབར་གྱི་མཐུན་སྒྲིལ་མཛའ་བརྩེ་དང་ལྷག་བསམ་རྣམ་དག་གི་མཉམ་ལས་ཀྱི་སྙིང་སྟོབས་ཀྱང་ཆེ་རུ་ཕྱིན་ཡོད།དུས་མཚུངས་སུ།དཔྱིད་གསར་དུས་ཆེན་བསུ་བ་ཞུ་བར་སྤྲོ་སྣང་དང་འཆམ་མཐུན་གྱི་ཁོར་ཡུག་རྣམ་པ་ཞིག་ཀྱང་ཁེངས་བཞིན་མཆིས།
ཉེ་ཆར།རི་བོ་ཆེ་རྫོང་གིས“བསམ་བློ་གསར་པ་དང་རྒྱང་སྐྱོད་གསར་པའི”ཤིང་འབྲུག་ལོའི་གནམ་ལོ་གསར་ཚེས་ཀྱི་མཉམ་སྤྲོའི་དགོང་ཚོགས་འཚོགས་ཤིང་།ལས་གནས་ཐོག་ཡོད་པའི་་རྫོང་རིམ་པའི་འགོ་ཁྲིད་དང་དེ་བཞིན་རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ།ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་སོགས་མི་400ལྷག་ཙམ་གྱིས་དགོང་ཚོགས་ལ་གཟིགས་པ་རེད།དགོང་ཚོགས་ཀྱི་ས་གནས་ས་ཐོག་ཏུ་ལས་བྱེད་ལས་བཟོ་དང་མཉམ་དུ་དགའ་སྤྲོའི་ངང་ལོ་གསར་ལ་སྨོན་འདུན་ཞུས་པ་རེད།