国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月05日

བོད་ལྗོངས་ཆབ་མདོའི“ས་གོ་ལའི་ལྟེབ་རྩེག”ཏུ་གནས་པའི་བལ་ཐོག་ཤང་གི་འཕེལ་རྒྱས་གཏམ་རྒྱུད།

བྲག་ལམ་ཆུ་ཤུགས་གློག་ཁང་སྐྲུན་ཡུལ་དུ་ལས་ཀ་བྱེད་བཞིན་པ།

འདི་ནི་བོད་ལྗོངས་ཆབ་མདོ་གཡུ་ཆུ་གཙང་པོའི་བྲག་ལམ་ཆུ་ཤུགས་གློག་ཁང་སྐྲུན་ཡུལ་དུ་བཟོ་པས་རི་བོར་འགོག་སྲུང་ལྕགས་དྲ་གཡོགས་བཞིན་པ།

2024ལོའི་ཉིན་དང་པོར། བོད་ཀྱི་ཤར་ལྷོའི་མཚམས་ཀྱི་གྲོག་རོང་དུ་དགུན་གྱི་ཉི་འོད་རབ་ཏུ་འཕྲོ་བ་དང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་བཟོ་པ་ཚོས་ནུས་ཤུགས་གང་ཡོད་བཏོན་ནས་རྒྱལ་ཁབ་ཀྱི“བོད་གློག་ཕྱིར་གཏོང”གི་གློག་གཏོང་སྒྲོམ་གཞིའི་གློག་ཁུངས་གཙོ་བོའི་གློག་ཁང་སྟེ་གཡུ་ཆུ་བྲག་ལམ་ཆུ་ཤུགས་གློག་ཁང་སྐྲུན་བཞིན་མཆིས།

གསར་འགོད་པས་ལས་ཡུལ་ནས་གཡུ་ཆུ་གཙང་པོའི་ངོགས་སུ་ལས་གྲྭའི་འཁོར་རིགས་འདྲ་མིན་སྣ་ཚོགས་རི་ཁྲོད་དུ་ཕར་འགྲོ་ཚུར་འོང་བྱེད་པ་དང་བཟོ་པ་ཚོ་ལས་བྲེལ་ཧ་ཅང་ཆེ་བ་མཐོང་བྱུང་།

བོད་ལྗོངས་ཏ་ཐང་བྲག་ལམ་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིའི་ལས་གྲྭ་པུའི་ཀྲུའུ་རེན་གཞོན་པ་ལེང་ཅུན་ཐའོ་ཡིས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་བལ་ཐོག་ཤང་བྲག་ལམ་གྲོང་ཚོའི་ལྗོངས་གཟིགས་སྒང་དུ་ལངས་ནས“འདི་ནི་དངོས་གནས་ངོ་མཚར་ཆེ་བའི་ས་ཆ་ཞིག་རེད། གཡུ་ཆུ་འདི་གར་རྒྱུག་སྐབས་རྨིག་དབྱིབས་ཆེན་པོ་ཞིག་དང་འདྲ་བར། ‘རྟ་རྨིག’གི་སྣེ་གཉིས་བར་གྱི་ཆུ་ལམ་གྱི་རང་བྱུང་གཟར་ཚད་ཧ་ཅང་ཆེ་བས་བསྐྲུན་ཟིན་རྗེས་གློག་ནུས་འབོར་ཆེན་ཐོན་རྒྱུ་རེད”ཅེས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན། ཆུ་ཤུགས་གློག་ཁང་དེ་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་སྔོན་དཔག་བྱས་ན། ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་39.46ཟིན་རྒྱུ་རེད།

མ་དངུལ་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་བཏང་བའི་གཡུ་ཆུ་བྲག་ལམ་ཆུ་ཤུགས་གློག་ཁང་རྣམ་གྲངས་དེ་ཨར་སྐྲུན་བྱེད་རིང་། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་མངོན་གསལ་དོད་པོ་ཐུབ་ཡོད། དེ་གར་བོད་བཟོའི་སྡོད་ཁང་དང་ཚོང་ཁང་མང་པོ་ཞིག་གསར་དུ་བསྐྲུན་པ་དང་དུད་ཁྱིམ་གྱི་སྒོ་འགྲམ་དུ་ལྗིད་ཐེག་རླངས་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་སོགས་བཞག་ཡོད་ཅིང་། ཁྲོམ་གཞུང་དུ་ཨར་ཁང་དང་། ཟ་ཁང་། སྒོ་རྩིས་ཚོང་ཁང་བཅས་མི་ཉུང་བ་ཞིག་ཡོད་པ་གསར་འགོད་པས་མཐོང་བྱུང་།

ལས་ཡུལ་ལ་ལས་གྲྭའི་འཕྲུལ་ཆས་བོགས་མར་བཏང་བ་དང་གླ་པ་རྒྱུག་པ་བརྒྱུད་བྲག་ལམ་གྲོང་ཚོའི་གྲོང་མི་སྐལ་བཟང་ཚེ་རིང་ཁྱིམ་གྱི་ཡོང་འབབ་མང་དུ་ཕྱིན་ནས་2022ལོར་གསར་དུ་བརྒྱབ་པའི་སྡོད་ཁང་གསུམ་ཐོག་ནང་སྤོས། ཁོང་གིས་དགའ་སྤྲོའི་ངང་གསར་འགོད་པར་ཁྱིམ་གྱི་འགྱུར་ལྡོག་གསར་པ་གླེང་ཞིང་། “ད་ཆ་འཚོ་བ་དེ་སྔ་ལས་ཡག་ཏུ་ཞེ་དྲག་ཕྱིན་ཡོད། དེ་སྔ་ང་ཚོ་སོ་ཕག་ཁང་པའི་ནང་སྡོད་པ་དང་ད་ཆ་ཨར་འདམ་ལྕགས་རྩིག་མའི་ནང་སྡོད་ཀྱི་ཡོད། དེ་སྔ་ཕྱིར་སྐྱོད་པར་སྦག་སྦག་བཞོན་དགོས་པ་དང་ད་ཆ་རླངས་འཁོར་མང་པོ་ཡོད་པས་ཕྱིར་སྐྱོད་པར་སྟབས་བདེ་པོ་འདུག དེ་སྔ་ཕྱིར་གླ་པ་རྒྱུག་པར་འགྲོ་བ་དང་ད་ཆ་ཁྱིམ་གྱི་སྒོ་རྩར་ཡོང་འབབ་གསོག་ཐུབ་ཀྱི་འདུག”ཅེས་བཤད།

བལ་ཐོག་ཤང་ནི“ས་གོ་ལའི་ལྟེབ་རྩེག”འབོད་པའི་འཕྲེད་རྒྱུག་རི་རྒྱུད་ཀྱི་རི་ཁུག་ཏུ་གནས་པ་དང་རི་བོ་མཐོ་ལ་གྲོག་རོང་ཟབ་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་མེད།

རྣམ་གྲངས་བསྐྲུན་ཟིན་རྗེས་མང་ཚོགས་རྣམས་ལས་གྲྭ་དང་ཨར་སྐྲུན་ནང་ཞུགས་པའི་གོ་སྐབས་ཉུང་དུ་འགྲོ་བར་བསམ་གཞིགས་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་འཕར་བར་སྐུལ་འདེད་གཏོང་ཆེད། བོད་ལྗོངས་ཏ་ཐང་བྲག་ལམ་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིས་མ་དངུལ་འབོར་ཆེན་གྲབས་གསོག་བྱས་ནས། ཕྱི་ཕྱོགས་འབྲེལ་བའི་ལམ་བུ་སྐྲུན་པ་དང་རྒྱ་ཆེར་གཏོང་བ་སོགས་བྱས་ཏེ་ས་གནས་དེ་གའི་ཕྱིར་སྐྱོད་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་བལ་ཐོག་ཤང་གི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་13101ལས་ཟིན་མེད་པ་དེ་རྫོང་གི་མིང་གྲལ་གྱི་མཇུག་ཏུ་ལུས་ཡོད། 2023ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་27649བར་འཕར་ནས་རྫོང་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།