国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月05日

ངེད་གྲོང་ཁྱེར་གྱིས《ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་སྐུལ་སྤེལ་གཏོང་བའི་སྲོལ་ཡིག》གཅིག་སྡུད་ཐོག་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤེས་དཔལ་ནི་གྲོང་ཁྱེར་ཞིག་གི་བཀྲག་མདངས་འཚེར་ས་ཆེ་ཤོས་ཀྱི་རྨང་གཞི་ཞིག་རེད།《ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》གི་དྲིལ་བསྒྲགས་ཕན་འབྲས་སྔར་བས་ཆེ་རུ་བཏང་ནས་གྲོང་མིའི་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་གཏོད་ཆེད། ཟླ་1ཚེས་1ཉིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་གྲོང་ཨུད་དྲིལ་བསྒྲགས་པུས་སྒྲུབ་འགན་འཁུར་བའི་《ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)གཅིག་སྡུད་ཐོག་དྲིལ་བསྒྲགས་ལག་བསྟར་བྱེད་སྒོ་དེ་ཇ་རྟའི་ཐང་ཆེན་དུ་སྤེལ་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་ཤེ་དབྱིང་། དེ་བཞིན་གྲོང་ཁྱེར་གྱི་འགོ་ཁྲིད་ལའོ་ཆིན་འུའུ། ཆི་དབྱིང་ཧའེ། རྡོ་རྗེ་དགྲ་འདུལ། ལི་པིན། ཅ་ཤིན་ཡུས། ཏེང་ཝུན་ཁྲང་། ཡེ་ཤེས་ཆོས་འཕེལ་བཅས་བྱེད་སྒོར་ཞུགས་ཤིང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དངོས་གྲུབ་ཟླ་བས་ཤིས་ཚིག་གསུངས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་བློ་འདྲིའི་སྟེགས་བུ་འཛུགས་པ་དང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་མིར《སྲོལ་ཡིག》གི་འབྲེལ་ཡོད་ནང་དོན་ཁྱབ་གདལ་བཏང་བ་རེད།དེ་དང་ཆབས་ཅིག་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་རུ་ཁག་གིས་ད་དུང་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་ཤེས་དཔལ་བྱ་སྤྱོད་ཀྱི་གལ་ཆེའི་རང་བཞིན་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། གྲོས་འདོན་ཡི་གེ་བཏང་ནས་རྒྱ་ཆེའི་གྲོང་མིས་ཤེས་དཔལ་གྱི་འདུ་ཤེས་འཛུགས་པ་དང་ཤེས་དཔལ་གྱི་བྱ་སྤྱོད་ལག་ལེན་བསྟར་ཏེ་ཤེས་དཔལ་དང་།ཞི་མཐུན།མཛེས་སྡུག་ལྡན་པ་བཅས་ཀྱི་གྲོང་ཁྱེར་གྱི་ཁོར་ཡུག་ཐུན་མོང་ཐོག་གཏོད་དགོས་པའི་འབོད་སྐུལ་བྱས་ཡོད།

རྒྱ་ཆེའི་གྲོང་མི་ཚོས“ཤེས་དཔལ་གྱི་སྲོལ་ཡིག་སློབ་སྦྱོང་བྱས་ཏེ་ཤེས་དཔལ་ལྡན་པའི་གྲོང་མི་མཉམ་དུ་སྐྲུན་ཐུབ་པ་བྱེད”ཅེས་པའི་མིང་རྟགས་བཀོད་པའི་གྱང་ངོས་སུ་རང་ཉིད་ཀྱི་མིང་འགོད་ནས་དེའི་ནང་ཧུར་ཐག་ཞུགས་ཡོད་པ་རེད།སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་ཤེས་དཔལ་ལྡན་པའི་སྐད་ཆ་ཤོད་པ་དང་ཤེས་དཔལ་ལྡན་པའི་བྱ་བ་བསྒྲུབས་ནས་ཤེས་དཔལ་ལྡན་པའི་བྱ་སྤྱོད་དེ་གོམས་གཤིས་ཤིག་ཏུ་འགྱུར་བ་བྱེད་དགོས་ལ། སློབ་གྲོགས་དང་ཁྱིམ་བདག་གིས་ཤེས་དཔལ་ལྡན་པའི་བྱ་སྤྱོད་ཀྱི་སྒྲོག་འགྲེལ་པ་དང་དར་སྤེལ་གཏོང་མཁན། ལྟ་སྐུལ་པ་བཅས་ཀྱང་བྱ་རྒྱུར་སྐུལ་ཁྲིད་བྱེད་དགོས”ཞེས་གྲོང་ཁྱེར་དམའ་རིམ་སློབ་འབྲིང་གི་སློབ་མས་པ་གཡུང་མཚོས་བཤད།

《སྲོལ་ཡིག》དེར་ཁྱོན་ལེའུ་ལྔ་དང་དོན་ཚན་སོ་དྲུག་ཡོད་པ་སྟེ།སྤྱིའི་རྩ་དོན་དང་ཤེས་དཔལ་བྱ་སྤྱོད་ཀྱི་གཞི་རྩའི་ཚད་ལྡན། སྐུལ་འདེད་དང་འགན་ལེན། ཁྲིམས་ལུགས་ཀྱི་འགན་འཁྲི། ཞར་བྱུང་དོན་ཚན་བཅས་ལས་གྲུབ་ཅིང་། ཟླ་1ཚེས་1ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུ་རེད། ཆབ་མདོ་གྲོང་ཁྱེར་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་ཡིན་པའི་ངོས་ནས《སྲོལ་ཡིག》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དེ་ཐོག་ནས་ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་ཚད་ལྡན་ཅན་དང་།ལམ་ལུགས་ཅན།ཁྲིམས་སྐྱོང་ཅན། ཕུགས་ཕན་ཅན་བཅས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།