国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月05日

གཙོ་གནད་མངོན་གསལ་དོད་པ་དང་འགག་རྩ་སྟངས་འཛིན་བྱས་ནས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས།

____ ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

“སང་ལོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་གཙོ་གནད་མངོན་གསལ་དོད་པ་དང་འགག་རྩ་སྟངས་འཛིན་བྱས་ནས་དཔལ་འབྱོར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས” ཉིན་ཤས་གོང་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་སང་ལོའི་དཔལ་འབྱོར་ལས་དོན་ཕྱོགས་དགུའི་ཐད་ནས་གཙོ་གནད་བཀོད་སྒྲིག་བྱས་ཡོད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན། ད་ཐེངས་ཀྱི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་དང་འབྲེལ“ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པའི་ལྡོག་མེད་ཀྱི་གནས་ལུགས་ལ་བརྩི་དགོས་པ”གནས་བབ་ཨང་དང་པོར་བཞག་ཡོད། འཕེལ་རྒྱས་གཏོང་རྒྱུ་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་ཡིན། དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་མི་ཐུབ། འཕེལ་རྒྱས་ནི་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡིན་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་བཏང་ཚེ། གཞི་ནས་མི་དམངས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་ཐུབ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྣེ་ཁྲིད་བྱས་ཏེ་རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བར་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ།གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་རྒྱུན་མཐུད་དང་ནན་ཏན་ངང་འགོག་ཟོན་དང་སེལ་བ།

རྒྱུན་སྲིང་ལྷོད་མེད་ངང“ཞིང་གསུམ”ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ཡོད།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་གཙོ་གནད་ལས་འགན་ཁག་9ཁ་གསལ་བཏོན་པ་དེ་ཐོག་ནས་གསར་གཏོད་ནི་སྒུལ་ཤུགས་དང་པོ་དང་མཐུན་སྦྱོར་ནི་ནང་སྐྱེས་ཀྱི་ཁྱད་ཆོས།ལྗང་མདོག་ནི་ཡོངས་ཁྱབ་ཀྱི་རྣམ་པ། སྒོ་དབྱེ་ནི་ལྡོག་མེད་ཀྱི་ལམ་བུ།མཉམ་སྤྱོད་ནི་རྩ་བའི་དམིགས་ཡུལ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གང་ལེགས་མངོན་ཡོད་ལ། ནང་མཁོ་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ལ་སྤྱི་འདོམས་དང་།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཀྱི་ཕྱོགས་ཡོངས་ཀྱི་དར་རྒྱས་སྤྱི་འདོམས།སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་བླང་བྱ་སྤྱི་འདོམས་བཅས་མངོན་ཡོད་པས་ང་ཚོས་རྩ་དོན་ལ་གཞིགས་ནས་ལས་དོན་ཡག་པོ་སྒྲུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལྟར་གཙོ་གནད་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་སྒྲུབ་དགོས།ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་ཚད་བརྒལ་རང་བཞིན་གྱི་ལག་རྩལ་དང་མདུན་གྲལ་ལག་རྩལ་ལ་བརྟེན་ནས་ཐོན་ལས་གསར་པ་དང་བྱེད་ཐབས་གསར་པ།སྒུལ་ནུས་གསར་པ་བཅས་སྐྱེད་སྲིང་བྱས་ཏེ་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་དགོས།མི་མངོན་པའི་ནུས་པ་ལྡན་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ཕན་འབྲས་ལྡན་པའི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་དང་མ་འཇོག་ཕན་ཚུན་སྐུལ་འདེད་གཏོང་བའི་འཁོར་རྒྱུག་བཟང་པོ་ཆགས་པར་བྱེད་དགོས།སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་སྔར་བས་ཇུས་འགོད་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་མགྱོགས་སུ་གཏོང་ཆེད་སྒུལ་ཤུགས་ཆེན་པོ་མུ་མཐུད་སྣོན་དགོས། ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་མགྱོགས་མྱུར་སྐྱེད་སྲིང་དང་ཕྱི་ཕྱོགས་ཚོང་དོན་དང་ཕྱི་དངུལ་གྱི་གཞི་གདན་བརྟན་དུ་བཏང་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།ས་ཁང་བདག་ཁོངས་དང་།ས་གནས་ཀྱི་བུ་ལོན།དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སོགས་ཀྱི་ཉེན་ཁ་སྤྱི་འདོམས་ཐག་གཅོད་བྱས་ནས་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཚད་ལ་གཞིགས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་སྐྲུན་དགོས།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་པ་དང་། ས་ཁུལ་ཁག་གི་དགེ་མཚན་ཆེ་རིགས་འདོན་སྤེལ་གང་ལེགས། བྱེད་ནུས་ཀྱི་ངེས་གནས་ལ་གཞིགས་པ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པར་ཧུར་ཐག་ཞུགས་པ་དང་ཞབས་འདེགས་ཞུ་དགོས།ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ནུས་རྒྱུའི་ཐོན་ཁུངས་བདེ་འཇགས་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་མཐའ་འཁྱོངས་དང་དམངས་འཚོའི་མཐའ་ཚད་དམ་འཛིན་ནན་པོ་བྱས་ཏེ་གཙོ་གནད་ཚོགས་སྤྱི་ལས་ཞུགས་བརྟན་པོ་དང་སྤྱི་ཚོགས་འགན་ལེན་དྲ་བ་ཚགས་དམ་དུ་བཏང་སྟེ་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་ལས་འགན་གཙོ་བོ་ཁག་དོན་འཁྱོལ་ཡག་པོ་བྱེད་པའི་འགག་རྩ་ནི་བྱ་སྤྱོད་དང་དངོས་སྒྲུབ་ལ་རག་ལུས་ཡོད།བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ།དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་།ཕན་ཡོད་ཀྱི་གོ་སྐབས་ཚང་མ་དམ་འཛིན།ཕན་ཡོད་ཀྱི་ཆ་རྐྱེན་ཚང་མ་བེད་སྤྱོདགནད་ལ་འཁེལ་ན་དམ་འཛིན།མང་ཙམ་སྒྲུབ་ཐུབ་ན་མང་ཙམ་སྒྲུབ་པ་བཅས་བྱས་ནས་རང་ངོས་ལས་དོན་གྱི་གཏན་འཁེལ་རང་བཞིན་གྱིས་དུས་བབ་འགྱུར་ལྡོག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་ཧུར་ཐག་གཅོག་དགོས།ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་སྣང་ཆེན་བྱས་ཏེ་འགལ་ཟླ་གཙོ་བོ་དམ་འཛིན་བྱེད་པ་དང་།འཇུར་མིག་གི་ཚོད་འཛིན་མེད་པར་བཟོ་བ། སྔོན་ནས་བཀོད་སྒྲིག་བྱེད་པར་སྣང་ཆེན་བཅས་བྱས་ཏེ་གཙོ་གནད་ལས་འགན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ།རང་འགུལ་ངང་ཐེག་པ་འཁུར་ལེན།མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ།སྣེ་ཁྲིད་རང་བཞིན་དང་སྐུལ་སློང་རང་བཞིན་གྱི་ལས་ཀའི་དམ་འཛིན་བྱ་གཞི་ཇུས་འགོད་ཧུར་ཐག་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་དངོས་དང་ཕན་འབྲས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་འབྱོར་བའི་གློག་འཕྲིན)