国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月22日

བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།

(ཚགས་པར་གོང་མར་མཐུད)

101. བཅོས་སྒྱུར་སྒོ་འབྱེད་ལ་དུས་ད་ལྟ་བ་ལས་འདས་པ་མེད། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར། རྩ་བའི་སྒུལ་ཤུགས་ནི་སྔར་བཞིན་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་ཡིན། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་སྒོ་འབྱེད་རྒྱ་སྐྱེད་པ། སྔར་ལས་ལྷག་པར་བསམ་བློ་བཅིངས་འགྲོལ་དང་སྔར་ལས་ལྷག་པར་སྤྱི་ཚོགས་ཐོན་སྐྱེད་ནུས་པ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྔར་ལས་ལྷག་པར་སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་འཕེལ་བར་བྱས་ནས། བཅོས་སྒྱུར་སྒོ་འབྱེད་ཅེས་པའི་གནད་འགག་གི་ཐབས་མཆོག་འདི་མུ་མཐུད་དུ་བེད་སྤྱོད་ཕུན་སུམ་ཚོགས་པར་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་མཐའ་ཆོད་པར་བྱེད་དགོས།

—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས།

102. མགོ་ཁྲིད་ནས“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་ནི། རྩ་བའི་ཐོག་ནས་བཤད་ན་ཏང་ལ་བློ་དཀར་དགོས་པ་དེ་ཡིན། བློ་དཀར་ནི་ངེས་པར་དུ་ཏང་གི་དད་པ་ལ་བློ་དཀར་བའི་ཐོག་མངོན་པ་དང་། ཏང་གི་རྩ་འཛུགས་ལ་བློ་དཀར་བའི་ཐོག་མངོན་པ། ཏང་གི་གཞུང་ལུགས་དང་ལམ་ཐིག་བྱེད་ཕྱོགས་སྲིད་ཇུས་ལ་བློ་དཀར་བའི་ཐོག་མངོན་པར་བྱེད་དགོས། ཏང་ལ་བློ་དཀར་བར་ངེས་པར་དུ་ད་ལྟ་ནས་མགོ་རྩོམ་དགོས་ཏེ། གལ་ཏེ་རང་གནས་ལས་དོན་ཡང་ལེགས་པར་སྒྲུབ་མི་ཐུབ་པ་དང་། ཁུར་ལེན་མེད་ལ་བྱས་པ་ཡང་མེད་པ། ཏང་རྩ་འཛུགས་ཀྱིས་སྤྲད་པའི་འགན་འཁྲིའི་ཞིང་ས་ས་རྒོད་དུ་བཞག་པ་དང་ཐ་ན་བོར་སྟོར་བྱུང་ན། “སྲུང་སྐྱོང་གཉིས”ནི་དེ་བས་ཀྱང་གླེང་ཐབས་མེད།

—《ཏང་གི་རང་ངོས་གསར་བརྗེ་གླེང་བ》ལས།

103. ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་ལག་བསྟར་བྱེད་པར། དེའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱེད་དགོས་ལ། དེར་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་ལེགས་པོ་དང་བེད་སྤྱོད་ལེགས་པོ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་རང་རྟོན་རང་ཚུགས་རྒྱུན་འཁྱོངས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། གནད་དོན་ཕྱོགས་སྟོན་རྒྱུན་འཁྱོངས། རྒྱུད་ཁོངས་འདུ་ཤེས་རྒྱུན་འཁྱོངས། གནམ་འོག་དམིགས་པ་རྒྱུན་འཁྱོངས་བཅས་ནན་གྱིས་བསྟན་ཡོད། འདི་དྲུག་པོ་སློབ་སྦྱོང་ལག་བསྟར་ཁྲོད་གོ་བ་ནན་ཏན་བླངས་ན། ད་གཟོད་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གནས་ལུགས་དང་རྩ་དོན། ཆོས་ཉིད་བཅས་ལ་གོ་བ་ཟབ་མོ་ལེན་ཐུབ་པ་དང་། གཏམ་དེ་ཤེས་ལ་དེ་བས་ཀྱང་དོན་རྟོགས་པ་དང་དེ་ལྟར་ཡིན་པ་ཤེས་ལ་ཅིའི་ཕྱིར་དེ་ལྟར་ཡིན་པ་ཡང་རྟོགས་པར་འགྱུར་ཞིང་། ཏང་གི་གསར་གཏོད་གཞུང་ལུགས་དེ་ངེས་པ་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཀྱི་ཕྱོགས་སོ་སོའི་གོ་རིམ་ཡོངས་ལ་ལག་བསྟར་དངོས་འབེབས་བྱེད་ཐུབ།

—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་ཆེད་དོན་བཏུས་སྒྲིག》ལས།

104. ཐུན་མོང་ཕྱུག་འགྱུར་མ་གཞི་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་འབེན་གལ་ཆེན་ཞིག་ཡིན། ང་ཚོས་དེང་རབས་ཅན་མངོན་འགྱུར་བྱས་རྗེས་ད་གཟོད་ཐུན་མོང་ཕྱུག་འགྱུར་གྱི་གནད་དོན་ཐག་གཅོད་པར་སྒུག་མི་རུང་པར། མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་སྨོན་གསར་པ་སྐོང་བ་དེ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་མགོ་རྩོམ་ས་དང་གཞི་འབེབས་སར་བྱས་ཏེ། དེང་རབས་ཅན་མངོན་འགྱུར་བྱེད་པའི་གོ་རིམ་ཁྲོད་མུ་མཐུད་དུ་རིམ་བཞིན་གནད་དོན་འདི་ཐག་གཅོད་དགོས།

—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་བཏུས་སྒྲིག》ལས།

105. སྐྱེ་ཁམས་ཁོར་ཡུག་གི་འགྲན་སློང་ལ་གདོང་གཏད་དེ། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཕྱར་བ་གྲུ་འདེགས་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། མི་དང་རང་བྱུང་གི་འབྲེལ་བར་མཐུན་སྦྱོར་བྱས་ཏེ། བཟོ་ལས་དཔལ་ཡོན་གྱིས་བསྐྱེད་པའི་འགལ་བ་ཐག་གཅོད་ལེགས་པོ་བྱེད་དགོས། ལས་དོན་འདིའི་ཐོག་ནས། རྒྱལ་ཁབ་གང་ཡིན་ཡང་རང་ཉིད་གཅིག་པུ་མཆོག་ཏུ་བརྩི་ས་མེད། མིའི་རིགས་ཀྱི་དཔལ་ཡོན་ལ་འགན་འཁུར་བ་དང་བུ་རབས་ཚ་རྒྱུད་ལ་འགན་འཁུར་བའི་མཐོ་ཚད་དུ་འགྲེང་ནས། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་རྒྱུན་སྐྱོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས། དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་མཉམ་སྐྱོད། འཛམ་གླིང་རྒྱལ་ཁབ་སོ་སོ་ཐུན་མོང་འཕེལ་རྒྱས་ཀྱི་གོ་ལའི་ཁྱིམ་གཞིས་འབད་པས་བསྐྲུན་དགོས།

—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་་སློབ་སྦྱོང་རྩ་འཛིན》ལས།

106. སློབ་སྦྱོང་ལ་དགའ་ན་ད་གཟོད་གོང་འཕེལ་ཡོད། ཀྲུང་གོའི་གུང་ཁྲན་ཏང་མིས་སློབ་སྦྱོང་ལ་བརྟེན་ནས་དེ་རིང་བར་དུ་སླེབས་པ་ཡིན་ལ། ངེས་པར་དུ་སློབ་སྦྱོང་ལ་བརྟེན་ནས་མ་འོངས་པར་བསྐྱོད་དགོས། ང་ཚོའི་ལས་བྱེད་པ་གོང་འཕེལ་འབྱུང་བ་དང་ང་ཚོའི་ཏང་གོང་འཕེལ་འབྱུང་བ། ང་ཚོའི་རྒྱལ་ཁབ་གོང་འཕེལ་འབྱུང་བ། ང་ཚོའི་མི་རིགས་གོང་འཕེལ་འབྱུང་བ་བཅས་བྱེད་དགོས་ན། སློབ་སྦྱོང་གི་སྲོལ་བཟང་ངེས་པར་དུ་རྒྱ་ཆེར་དར་དུ་འཇུག་པ་དང་། སློབ་སྦྱོང་དང་སློབ་སྦྱོང་། ཡང་བསྐྱར་སློབ་སྦྱོང་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། ལག་ལེན་དང་ལག་ལེན། ཡང་བསྐྱར་ལག་ལེན་བཅས་རྒྱུན་འཁྱོངས་བྱེད་དགོས།

—《ཏང་གི་རང་ངོས་གསར་བརྗེ》ལས།

107. རིན་ཐང་ལྟ་བ་ནི་མིའི་རིགས་ཀྱིས་རང་བྱུང་དང་སྤྱི་ཚོགས་ལ་ངོས་འཛིན་དང་བསྒྱུར་བཀོད་བྱེད་པའི་གོ་རིམ་ཁྲོད་བྱུང་བ་དང་ནུས་པ་ཐོན་པའི་ཞིག་ཡིན། མི་རིགས་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བའི་དབང་གིས་རང་བྱུང་ཆ་རྐྱེན་དང་འཕེལ་རྒྱས་བརྒྱུད་རིམ་མི་འདྲ་བས། དེས་བསྐྱེད་པ་དང་ཆགས་པའི་སྲོག་ཤིང་རིན་ཐང་ལྟ་བར་ཡང་སོ་སོའི་ཁྱད་ཆོས་ཡོད། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་སྲོག་ཤིང་རིན་ཐང་ལྟ་བ་ནི་ངེས་པར་དུ་མི་རིགས་དེ་དང་རྒྱལ་ཁབ་དེའི་ལོ་རྒྱུས་རིག་གནས་དང་ཕན་ཚུན་འཕྲོད་པ་དང་། མི་རིགས་དེ་དང་རྒྱལ་ཁབ་དེའི་མི་དམངས་ཀྱི་ད་ལྟའི་འབད་བརྩོན་དང་ཟུང་འབྲེལ་བྱས་ཡོད་ལ། མི་རིགས་དེ་དང་རྒྱལ་ཁབ་དེའི་ཐག་གཅོད་དགོས་པའི་དུས་རབས་ཀྱི་གནད་དོན་དང་ཡང་མཐུན། འཛམ་གླིང་ཐོག་ཧ་ཅང་འདྲ་མཚུངས་ཡིན་པའི་སྡོང་ལོ་ཞིག་མེད་པས། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ཡིན་ན། ངེས་པར་དུ་རང་ཉིད་སུ་ཡིན་པ་དང་གང་ནས་ཡོང་བ། གང་དུ་འགྲོ་དགོས་པ་ཤེས་དགོས་ལ། བསམས་ནས་ཤེས་པ་དང་བསམ་ཕྱོགས་འགྲིག་ན། ད་གཟོད་བློ་བརྟན་འགྱུར་མེད་སྒོས་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།

—《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག་པོད་དང་པོ》ལས།

108. མཉམ་འབྲེལ་དྲ་རྒྱ་གོང་འཕེལ་མགྱོགས་པོ་དང་དྲག་པོ་ཕྱིན་པ་དེས། གླེང་བརྗོད་སྐྱེད་པའི་རྣམ་པ་དང་ཁྱབ་སྤེལ་རྣམ་པར་འགྱུར་བ་ཟབ་མོ་ཐེབས་ཤིང་། རིག་གནས་དང་རིན་ཐང་འདུ་ཤེས་མི་འདྲ་བ་བརྗེ་རེས་དང་མཉམ་འདྲེས། གདོང་ཐུག་བཅས་ཀྱིས་ཤུགས་རྐྱེན་སྔ་ན་མེད་པ་བསྐྱེད། ད་ལྟ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོ་ནི་དྲ་རྒྱའི་དབང་གིས་བྱུང་བ་དང་དྲ་རྒྱའི་དབང་གིས་འཕེལ་བཞིན་ཡོད། ནོར་འཁྲུལ་གྱི་བསམ་བློའི་རླབས་རྒྱུན་མང་པོ་ཞིག་དྲ་རྒྱ་རྟེན་གཞི་བྱས་ནས་འཕེལ་བ་ཡིན་པས། མཉམ་འབྲེལ་དྲ་རྒྱ་ནི་འདུ་ཤེས་འཛིན་སྟངས་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོ་དང་འཐབ་ར་གཙོ་བོ། ཆེས་མདུན་གྲས་བཅས་སུ་གྱུར་ཡོད།

—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས།

109 .དྲ་རྒྱའི་དྲིལ་སྒྲོག་གི་སྐུལ་རེས་དང་རོལ་མྱོང་། མཉམ་རོལ་བཅས་ཀྱི་དགེ་མཚན་འདོན་པར། དམངས་འདུན་ལ་ཉན་པ་དང་དམངས་འཚོར་ཕན་པ། དམངས་ཁྲལ་སེལ་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་མོས་མཐུན་གཅིག་ཏུ་བསྡུ་དགོས། དྲ་ཐོག་དང་དྲ་ཐོག་མ་ཡིན་པ་ནས་སེམས་ཤུགས་གཅིག་སྒྲིལ་དང་མཉམ་འཛིན་སྤྱི་སྒྲུབ་སྒོས། སྤྱི་ཚོགས་ཀྱི་ཉེན་ཁ་མཉམ་དུ་འགོག་ཟོན་བྱེད་པ་དང་སྤྱི་མཐུན་སྒོར་དབྱིབས་མཉམ་དུ་སྐྲུན་པའི་གནས་སྟངས་ལེགས་པོ་ཆགས་པར་བྱེད་དགོས།

—《ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་ཀྱི་རྣམ་བཤད་བཏུས་སྒྲིག》ལས།

110 .འཛམ་གླིང་འདིར་རྒྱལ་ཁབ་སོ་སོ་ཕན་ཚུན་ལ་འབྲེལ་བ་དང་ཕན་ཚུན་ལ་རྟེན་པའི་ཚད་སྔར་ལས་གཏིང་ཟབ་ཏུ་ཕྱིན་ཡོད། མིའི་རིགས་གོ་ལ་གཅིག་གི་ཐོག་འཚོ་བ་རོལ་ཡོད་ལ། ལོ་རྒྱུས་དང་དངོས་ཡོད་ཀྱི་སྣོལ་མཚམས་ཀྱི་ཡུལ་དུས་གཅིག་ཏུ་འཚོ་བ་རོལ་ཡོད་པས། སྔར་ལས་ཀྱང་ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་ངའི་ཁྲོད་དུ་ཁྱོད་ཡོད་པའི་ལས་དབང་གཅིག་མཐུན་ཚོགས་པ་གྲུབ་ཡོད།

—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་བཏུས་སྒྲིག》ལས།

111. ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ནི་གནམ་ནས་ལྷུང་བ་མིན་པར། ཀྲུང་གོའི་སྤྱི་ཚོགས་ཀྱི་གཤིན་ས་ལས་འཁྲུངས་ཤིང་། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ཡུན་རིང་གི་ལག་ལེན་བརྒྱུད་ནས་གྲུབ་ཅིང་། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དངོས་ཡོད་དང་ཟུང་འབྲེལ་བྱས་པའི་ཐོན་དངོས་ཡིན་པར་མ་ཟད། གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་གཅིག་གྱུར་བྱས་པའི་གྲུབ་འབྲས་ཡིན་པས། ཏང་དང་མི་དམངས་ཀྱི་བློ་གྲོས་འདུས་ཡོད་ཅིང་། གཏིང་ཟབ་པའི་ལོ་རྒྱུས་ཀྱི་རིགས་ལམ་དང་གཞུང་ལུགས་ཀྱི་རིགས་ལམ། ལག་ལེན་གྱི་རིགས་ལམ་བཅས་ལྡན་ཡོད།

—《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》པོད་གཉིས་པ་ལས། (རྫོགས་སོ།)