国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月22日

ཆབ་མདོའི་སྲིད་གྲོས་ཀྱི་ལོ་རྒྱུས་ལམ་བུའི་བཤམས་སྟོན་ཁང་དངོས་སུ་སྒོ་ཕྱེས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས20ཉིན་གྱི་སྔ་དྲོ། ཆབ་མདོའི་སྲིད་གྲོས་ཀྱི་ལོ་རྒྱུས་ལམ་བུའི་བཤམས་སྟོན་ཁང་དངོས་སུ་སྒོ་ཕྱེས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་སྒོ་འབྱེད་མཛད་སྒོ་ཕེབས་པ་མ་ཟད་གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་དང་ལྷན་དུ་སྒྲིག་གཤོམ་ཁང་གི་སྒོ་བྱང་གི་ཁེབས་རས་ཕྱེ་ཡོད་པ་རེད།

ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་གཞོན་པ་དོན་གྲུབ་དང་། གྲོང་ཁྱེར་འགོ་ཁྲིད་ལའོ་ཆིན་འུའུ་དང་། ཆིན་ཡན་ཧུའེ། ལིས་ཧྲི་ཅང་། ཐུབ་དགའ། ཧུའུ་ཏན་ཧྥུའུ། ཀྲང་ཧུང་ཅོན། ཡང་དབྱིན། ཀྲང་ཝུན་ལིས་བཅས་ཚོགས་འདུར་ཞུགས་ཡོད།

1959ལོའི་ཟླ་11པར་བོད་དུ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་དམངས་གཙོའི་བཅོས་སྒྱུར་ཁྱོན་ཡོངས་ནས་བྱེད་པའི་འགག་རྩའི་དུས་སྐབས་སུ་སྲིད་གྲོས་ཆབ་མདོ་ཀྲོན་ཆུས་ཨུ་ཡོན་ལྷན་ཁང་བཙུགས་པ་དེ་ནི་བོད་རང་སྐྱོང་ལྗོངས་སྲིད་གྲོས་རྩ་འཛུགས་ཨང་དང་པོ་དེ་ཡིན་པ་དང་ད་བར་ལོ་64ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་མྱོང་ཡོད། བཤམས་སྟོན་ཁང་དེ་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་། ལས་འགན་སྒྲུབ་པའི་ལག་ལེན། ཨུ་ཡོན་གྱི་ཉམས་འགྱུར། ཁྱོན་ཡོངས་ལ་ཞབས་ཞུ། རང་ངོས་འཛུགས་སྐྱོང་། འགྲོ་འོང་སྤེལ་རེས་བཅས་ཚན་པ་6ལས་གྲུབ་པ་དང་འགྲེམས་སྟོན་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ100ལྷག་ཙམ་དང་དངོས་རྫས་100ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། འབུར་གཟུགས་ཅན་དང་། ཟུར་ཚད་མང་བ། ཁྱོན་ཡོངས་ཀྱི་རྣམ་པ་བཅས་ཀྱི་ཐོག་ནས་ཆབ་མདོའི་སྲིད་གྲོས་ཀྱིས་དུས་སྐབས་ཁག་ནང་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། སྲིད་ཞུགས་སྲིད་གླེང་། ཐབས་ཇུས་འདོན་པ་སོགས་ཕྱོགས་ཁག་གི་འགན་འཁྲི་སྒྲུབ་པའི་ལག་ལེན་དང་ཟུར་ཚད་ཕུན་སུམ་ཚོགས་པ། ནང་དོན་གྱ་ནོམ་པ་བཅས་མཚོན་ཡོད།

ཀུང་ཧུའེ་ཚའེ་དང་རྡོ་རྗེ་དགྲ་འདུལ་རྣམ་གཉིས་ཀྱིས་བཤམས་སྟོན་ཁང་གི་སྒོ་བྱང་གི་ཁེབས་རེས་ཕྱེས་པ་མ་ཟད་ཚང་མ་དང་མཉམ་དུ་འགྲེམས་ཁང་དུ་ལྟ་སྐོར་དང་མཛུབ་ཁྲིད་བྱས་པ་རེད།

ཀུང་ཧུའེ་ཚའེ་ཡིས་ཆབ་མདོའི་སྲིད་གྲོས་ཀྱི་ལོ་རྒྱུས་ལམ་བུའི་བཤམས་སྟོན་ཁང་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་སྐར་ཁུང་གལ་ཆེན་ཞིག་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན།རྒྱལ་གཅེས་སྤྲོ་སེམས་འཕེལ་བ་བཅས་ཀྱི་གསོན་ཉམས་དོད་པའི་སློབ་གཞི་ཞིག་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་ཆབ་མདོའི་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རྩ་ཆེའི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་བཤམས་སྟོན་ཁང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སོགས་ཐད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཨུ་ཡོན། མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་བསམ་པའི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱེད་དགོས་ཞེས་བསྟན།

རྡོ་རྗེ་དགྲ་འདུལ་གྱིས་ཤིས་ཚིག་སྒྲོན་སྐབས་ཆབ་མདོའི་སྲིད་གྲོས་ཀྱི་ལོ་རྒྱུས་ལམ་བུའི་བཤམས་སྟོན་ཁང་བསྐྲུན་ནས་སྒོ་ཕྱེ་བ་དེ་ནི་ངེད་གྲོང་ཁྱེར་སྲིད་གྲོས་ཁོངས་གཏོགས་ཀྱི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་ལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ལས་དོན་ལ་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་ཤིག་ཀྱང་རེད།ང་ཚོས་བཤམས་སྟོན་ཁང་དེ“འགྲེམས་སྟོན་དང་། སློབ་གསོ། ཞིབ་འཇུག་སྤེལ་རེས”བཅས་གཞི་གཅིག་ཏུ་འདུས་པའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གྲོས་ཨུ་ཡོན་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པར་ཁྲིད་སྟོན་དང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་ “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། གྲོང་ཨུད་ཀྱི“22445”ཡི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམིགས་ཏེ་ཐབས་ཇུས་དང་སྲིད་དོན་ཐད་རྣམ་པ་གསར་པ་ཧུར་ཐག་གཏོད་པ་དང་། ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་པ། དམངས་ཀྱི་དོན་དུ་འགན་འཁྲི་སྒྲུབ་པའི་ཐད་ཕན་འབྲས་གསར་པ་ཐོན་པ་བཅས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་། ངེད་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།