ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་དང་ཚེས་20ཉིན་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། མིག་སྔའི“ཞིང་གསུམ”ལས་དོན་ལ་འཕྲད་པའི་དུས་བབ་དང་འགྲན་སློང་ལ་དབྱེ་ཞིབ་དང་། 2024ལོའི“ཞིང་གསུམ”ལས་དོན་བཀོད་སྒྲིག་བྱས་པ་རེད།
ཏང་ཀྲུང་དབྱང་གིས་ད་ཐེངས་ཀྱི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཚོགས་འདུ་མ་འཚོག་གོང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ད་ཐེངས་ཀྱི་ཚོགས་འདུ་ཡག་པོ་འཚོག་པ་དང“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་ཁ་གསལ་བཏོན་ཡོད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་2023ལོར་ང་ཚོས་ཅུང་ཚབས་ཆེ་བའི་རང་བྱུང་གནོད་འཚེ་སོགས་ཀྱི་ཤུགས་རྐྱེན་ངན་པ་མང་པོ་ཁྱད་དུ་བསད་ནས་འབྲུ་རིགས་ཀྱི་ཐོན་འབོར་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཞིང་པའི་ཡོང་འབབ་མགྱོགས་མྱུར་འཕར་བ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་བྱུང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཞིང་ལས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་གཏན་འཁེལ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩི་བ། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར། གོམ་པ་རིམ་བགྲོད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མང་ཚོགས་ཀྱིས་ཚོར་ཐུབ་པ་དང་ཁྱབ་གདལ་གཏོང་ཆོག་པའི་དོན་དངོས་ཁག་གཅིག་དམ་འཛིན་བྱས་ནས་བསྒྲུབས་ཡོད།འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འདེབས་ཁྱོན་བརྟན་པོ་དང་མུའུ་རེའི་ཐོན་འབབ་འཕར་བའི་ཕྱོགས་གཉིས་ནས་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་དགོས། ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ནས་ཞིང་ནགས་འབྲོག་ཉ་བཅས་མཉམ་དུ་དམ་འཛིན་བྱས་ཏེ། སྣེ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་དགོས། འཚོ་རྟེན་གྱི་རྩ་བ་ཡིན་པའི་རྨོ་ཞིང་བརྟན་པོར་བསྲུངས་ཏེ་རྨོ་ཞིང་གང་བྱུང་དུ་བཟུང་བ་དང་རྨོ་ཞིང་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་དང་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྨོ་ཞིང་གི་གྲངས་འབོར་ལ་འགན་ལེན་ཡོད་པ་དང་སྤུས་ཚད་མཐོ་རུ་འགྲོ་བའི་འགན་ལེན་བྱེད་དགོས། ཚན་རྩལ་དང་སྒྱུར་བཅོས་ཀྱི་འདེད་སྐུལ་གཉིས་ལ་ཤུགས་སྣོན་རྒྱག་པ་དང་། ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། “ཞིང་གསུམ”ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཞིང་ལས་དེང་རབས་ཅན་ལ་སྒུལ་ཤུགས་སྣོན་པ་དང་གསོན་ཤུགས་འཕེལ་བར་བྱེད་དགོས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་ཞིང་ལས་ཀྱི་གེགས་འགོག་གནོད་འཚེ་ཉུང་གཏོང་དང་གེགས་སེལ་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པའི་འགན་ལེན་བྱས་ནས་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་པ། ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་གཏོང་བ་དང་། ཞིང་པའི་འབབ་འཕར་གྱི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་བཏང་སྟེ་ངོ་བོའི་རང་བཞིན་གྱི་འཕེལ་རིམ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་མཐའ་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས། འགན་འཁྲི་ཕྲག་ཏུ་འཁུར་བ་དང་དམ་འཛིན་ལྷོད་མེད། དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་རང་བཞིན་གྱི་ལས་དོན་སྒྲུབ་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གང་མགྱོགས་མངོན་འགྱུར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་དགོས།
ཚོགས་འདུར་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《“གྲོང་ཚོ་སྟོང་དཔེ་སྟོན་དུ་འཛིན་པ་དང་གྲོང་ཚོ་ཁྲིར་བཅོས་སྒྲིག”གི་འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུར་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གཙོ་བོའི་ཁ་ཕྱོགས་རྒྱས་བཤད་གནང་བ་དེར་བསམ་བློའི་ཁྲིད་སྟོན་རང་བཞིན་དང་། འཐབ་ཇུས་ཀྱི་མཛུབ་ཁྲིད་རང་བཞིན། དོན་དངོས་ཀྱི་དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། དེ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་རེད། ངེས་པར་དུ“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ནང་དོན་གྱི་དོན་སྙིང་དང་ལག་ལེན་གྱི་བླང་བྱ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སྟངས་འཛིན་བྱས་ཏེ་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།
ཚོགས་འདུར་ནན་བཤད་བྱས་དོན། “ཁྲི་སྟོང་འདུ་འགོད”ནང་ཁྱབ་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། ལས་ཀའི་བྱེད་ཐབས། སྐུལ་འདེད་ལམ་སྲོལ་བཅས་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། ཞིང་པ་མང་ཚོགས་ཚོས་བསམ་འཆར་མང་བའི་གནད་དོན་དངོས་ལ་དམིགས་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཇུག་སྒོ་ཡང་དག་བཙལ་ནས་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བར་བྱེད་པ། གཞི་ཁྱོན་ཆེན་པོས་འབྲུ་རིགས་མུའུ་རེའི་ཐོན་འབབ་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ། སྲན་ཆེན་འདེབས་ཁྱོན་རྒྱ་སྐྱེད་བཏང་བའི་གྲུབ་འབྲས་བརྟན་དུ་གཏོང་བ། འབྲུ་རིགས་ཐོན་འཚོང་ཁུལ་གྱི་ཞིང་ཆེན་དབར་གྱི་འཕྲེད་ཕྱོགས་ཀྱི་ཁེ་ཕན་གསབ་པའི་ལམ་སྲོལ་འཚོལ་ཞིབ་ཀྱིས་འཛུགས་པ། ཞིང་ལས་ཀྱི་གེགས་འགོག་དང་གནོད་འཚེ་ཉུང་གཏོང་དང་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། 2024ལོར་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨོ་ཞིང་གི་གྲངས་འབོར་དང་། སྤུས་ཚད། སྐྱེ་ཁམས་བཅས“ཕྱོགས་གསུམ་གཞི་གཅིག”གི་སྲུང་སྐྱོང་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བྱང་ཤར་གྱི་ས་ནག་ས་ཁུལ་དང་། ཀླུང་ཐང་ས་ཁུལ། ཆུ་བེད་ཆུ་འདྲེན་གྱི་ཆ་རྐྱེན་འཛོམས་པའི་ས་ཁུལ་བཅས་ཀྱི་རྨོ་ཞིང་ཚད་གཞི་མཐོ་བའི་ཞིང་ཁར་སྔོན་ལ་བསྐྲུན་ཏེ་མ་དངུལ་གཏོང་བ་དང་ཁ་གསབ་ཀྱི་ཆུ་ཚད་མཐོ་རུ་འོས་འཚམ་གཏོང་དགོས། ཞིང་ལས་ཚན་རྩལ་གསར་གཏོད་ལས་སྟེགས་སྐྲུན་པར་རྒྱབ་སྐྱོར་བྱས་ནས་འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལ་གང་མགྱོགས་སྐུལ་འདེད་གཏོང་དགོས། དབུལ་པོ་བསྐྱར་ལོག་འགོག་པའི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ་དང་ཐོན་ལས་དང་ལས་ཞུགས་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་བཏང་སྟེ། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་དགོས། ཐོན་ལས་ལ་བརྟེན་ནས་ཞིང་ལས་དར་བ་དང་། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་བ། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་བ་བཅས་མཐའ་འཁྱོངས་ཀྱིས་གནད་སྨིན་དངོས་སྒྲུབ་ངང་གྲོང་གསེབ་ཀྱི་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་དགོས། གྲོང་གསེབ་ཀྱི་མི་འབོར་འགྱུར་ལྡོག་འགྲོ་ཕྱོགས་དང་འཚམ་པར་བྱས་ཏེ། གྲོང་ཚོའི་བཀོད་པ་དང་། ཐོན་ལས་ཀྱི་གྲུབ་ཆ། སྤྱི་པའི་ཞབས་ཞུ་བཀོད་སྒྲིག་ཡག་པོ་བྱེད་པ་དང་། གྲོང་གསེབ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་གཏོང་བ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བཅས་བྱས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྤྱི་འདོམས་བྱེད་པ་དང་རྫོང་གྲོང་གི་ཕྱོགས་བསྡུས་ཐེག་ནུས་དང་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་ནས། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་དུས་བདེའི་གྲོང་གསེབ་སྐྲུན་དགོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་གྲོང་གསེབ་ཀྱི་གོམས་སྲོལ་སྒྱུར་བར་མུ་མཐུད་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་མཐའ་ཚད་བརྟན་པོ་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག ས་གནས་ཁག་གིས་ལག་ལེན་འཚོལ་ཞིབ་དང་ལམ་ལུགས་གསར་གཏོད་བྱེད་པར་ལྕག་སྐུལ་བྱེད་དགོས།
ཚོགས་འདུར་ནན་བཤད་བྱས་དོན། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲི་ནན་དུ་གཏོང་བ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་བླང་བྱ་དོན་འཁྱོལ་བཅས་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་དོན་སྒྲུབ་སྟངས་དང་བྱེད་ཐབས་ལེགས་སུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བརྟག་དཔྱད་ཞིབ་འཇུག་དར་སྤེལ་ཤུགས་ཆེན་གཏོང་བ། རང་བྱུང་ཁམས་ཀྱི་ཆོས་ཉིད་དང་། དཔལ་འབྱོར་གྱི་ཆོས་ཉིད། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་བསྟུན་ནས། ལས་ཀའི་དུས་ཚད་ནུས་གསུམ་ལ་སྟངས་འཛིན་ཡག་པོ་བྱེད་དགོས། ཕྱོགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་བསྡུས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི“ཞིང་གསུམ”ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བར་དམ་འཛིན་ཡག་པོ་བྱེད་དགོས།
རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཝུའུ་ཀྲེང་ལུང་གིས་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད།