国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月19日

ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས་པ།

ཚང་འཛོམས་གྲོས་ཚོགས་ཐོག་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་ཀུང་ཧུའེ་ཚའེ་ཡིས་གནང་བའི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་བྱས་པ་དང་། 《ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》དང《ཀྲུང་གོ་གུང་ཁྲན་ཏང་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས15ཉིན། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁ་རུབ་ཆུས་སུ་འཚོགས་པ་རེད།

ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲོང་ཨུད་ཀྱི་ཨུ་ཡོན30དང་གྲོང་ཨུད་ཀྱི་རྗེས་སྣོན་ཨུ་ཡོན1ཡོད་ཅིང་། ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གཞི་རིམ་གྱི་འཐུས་མི། ད་ལྟ་འགན་འཁུར་བཞིན་པའི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་བློ་མཐུན་དང་། གྲོང་ཁྱེར་སྒྲིག་ཨུད་ཀྱི་རྒྱུན་ལས་ཨུ་ཡོན།འབྲེལ་ཡོད་ཕྱོགས་ཀྱི་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤུས་ཚད་མཐོ་བའི་གོང་འཕེལ་དང་བོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། “ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག”བྱ་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ཧུར་ཐག་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལ་དམ་པོར་དམིགས་ཏེ་ཆབ་མདོ་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུའི་ཐད་སྤྱིའི་བཀོད་སྒྲིག་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་ཀུང་ཧུའེ་ཚའེ་ཡིས་གནང་བའི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་བྱས་པ་དང་།《ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》དང《ཀྲུང་གོ་གུང་ཁྲན་ཏང་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཀུང་ཧུའེ་ཚའེ་ཡིས་ཚང་འཛོམས་གྲོས་ཚོགས་ལ་《ལག་བསྟར་བསམ་འཆར(གྲོས་བསྡུར་མ་ཟིན)》གསལ་བཤད་གནང་བ་རེད།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཞིབ་འཇུག་དང་གྲོས་ཞིབ་བྱས་པའི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་ནང་ཆབ་མདོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་སྤྱིའི་བླང་བྱ་དང་སྤྱིའི་ངེས་གནས་ལ་དམ་པོར་དམིགས་ནས། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་བསམ་ཕྱོགས་ཁ་གསལ་བཟོས་ཡོད་པས། ཆབ་མདོས་ཕྱོགས་བསྡུས་སྟོབས་ཤུགས་ཐད་མཐོ་ས་གཏོད་པ་དང་འཕེལ་རྒྱས་ཀྱི་སྤུས་ཚད་ཐད་མདུན་གྲལ་དུ་སླེབས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔེ་དབྱིབས་ཐད་ལམ་བུ་གསར་དུ་གཏོད་པ། རིག་གནས་དང་ཡུལ་སྐོར་གསར་གཏོད་ཐད་རྣམ་གསར་གཏོད་པ། གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་ཐད་རྣམ་པ་གསར་པ་མངོན་པ་སོགས་སྒོ་འབྱེད་སྣེ་ཁྲིད་ཀྱི་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ངེས་ཡིན་པ་ངོས་འཛིན་བྱུང་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཆབ་མདོར་བརྟག་ཞིབ་གནང་སྐབས“ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྣེ་ཁྲིད་པའི་བོད་ཤར་གྱི་ལྟེ་བའི་གྲོང་ཁྱེར་དང་ལྟེ་བའི་འཕར་སྣེ་ཞིག་བསྐྲུན་པ། བོད་འདི་ཉིད་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་ནང་ཞུགས་པའི་ལྷུ་ཚིགས་གལ་ཆེན་གྱི་གྲོང་ཁྱེར་དང་སྒོ་དབྱེའི་ལྟེ་བ་གལ་ཆེན་ཞིག་ཏུ་གཏོད་པའི”འཕེལ་རྒྱས་ཀྱི་ངེས་གནས་གསར་པ་བཏོན་ཡོད། འདི་ནི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཆབ་མདོའི་རྒྱང་ལམ་གསར་པའི་ཐོག་འབད་པས་བསྐྱོད་རྒྱུའི་ཐད་བཏོན་པའི་དམིགས་འབེན་ལས་འགན་དང་རེ་འདུན་ཟབ་མོ་ཡིན་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་ཡོངས་ཀྱི་མཐོ་ཚད་ནས་བཏོན་པའི་ཐབས་ཇུས་ཤིག་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ཅིག་ཡིན། ཆབ་མདོས་ལྗོངས་ཡོངས་ཙམ་མ་ཟད་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་ཅིས་ཀྱང་བསྐྱུར་དུ་མེད་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཚུགས་གནས་མཐོ་རུ་གཏོང་བ་དང་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤུས་ཚད་མཐོ་ལ་ཕན་པ་ཆེ་བའི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུའི་ལག་ལེན་ཁྲོད་བྱས་རྗེས་གསར་པ་འཇོག་པ་དང་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས་ཞེས་བསྟན་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུའི་དམིགས་ཚད་ལས་འགན་གཏན་འཁེལ་བྱས་ཡོད་དེ། 2024ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར8%ཡས་མས་འཕར་བ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གནས་ཐང་འཕར་ཚད10%ཡན་འཕར་བ། སྤྱི་ཚོགས་འཛད་སྤྱོད་ཀྱི་དངོས་ཟོག་སིལ་ཚོང་བསྡོམས་འབོར10%ཡན་འཕར་བ་བཅས་བྱེད་དགོས། 2026ལོར་སླེབས་སྐབས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་ལྗོངས་ཡོངས་ཀྱི30%ཡན་ཟིན་པ་དང་། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད45%ཡན་ཟིན་པ། གྲོང་ཁུལ་གཙོ་བོ་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ20.52ཟིན་པ། དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་བཅས་བྱེད་དགོས་ལ། 2030ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་སོགས་ས་ཁོངས་དབར་གྱི་འཕེལ་རྒྱས་ཀྱི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་འགྲོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པ། ཕྱོགས་བསྡུས་སྟོབས་ཤུགས་ཆེས་ཆེར་འཕར་བ། དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་སྤྱིའི་ཆ་ནས་སྐྲུན་ཐུབ་པ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་གཅིག་ནས་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དུས་བདེ་ཞི་མཐུན་གྱི་གྲོང་ཁྱེར་ཞིག་གཏོད་དགོས། གཉིས་ནས་ས་ཁོངས་མཐུན་སྦྱོར་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ནས་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་ཞིག་གཏོད་དགོས། གསུམ་ནས་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ནས་དར་རྒྱས་གོང་འཕེལ་གྱི་གྲོང་ཁྱེར་ཞིག་ཧུར་ཐག་གཏོད་དགོས། བཞི་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས་སྒུལ་ནུས་ཆེ་བའི་གྲོང་ཁྱེར་ཧུར་ཐག་གཏོད་དགོས། ལྔ་ནས་རྨང་གཞིའི་སྒྲིག་བཀོད་ལ་བརྟེན་ནས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་གནས་སྡོད་དང་ལས་ཞུགས་ལ་འཚམ་པའི་གྲོང་ཁྱེར་ཞིག་གཏོད་དགོས། དྲུག་ནས་སྤྱི་པའི་ཞབས་ཞུ་ལེགས་སུ་བཏང་ནས་དམངས་འཚོར་ཕན་པ་བསྐྲུན་ནས་བདེ་སྐྱིད་ཁམས་བཟང་གི་གྲོང་ཁྱེར་ཞིག་ཧུར་ཐག་གཏོད་དགོས། བདུན་ནས་སྔོན་ལ་སྐྱེ་ཁམས་སྲུང་ཡོལ་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྗང་མདོག་ཐཱན་ཉུང་གི་གྲོང་ཁྱེར་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་དུ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་སྐུལ་སྤེལ་ལས་དོན་ལ་ཞིབ་བཤེར་བྱེད་པ་ནི་ཏང་ལ་ལྷག་བསམ་རྣམ་དག་ཡིན་པ་དང་། སྦྱོང་བརྡར་བྱེད་པ་ནི་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་སྐྱེད་པ། ཚོད་བགམ་བྱེད་པ་ནི་འཇོན་ནུས་སྤྱོད་ཚུལ་བཅས་ཡིན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གིས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་ཏན་ཏིག་ཁུར་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཤིང་། ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་ལས་བགོས་འགན་གཉེར་གྱི་འགན་འཁུར་བློ་མཐུན་གྱིས་ཐད་ཀའི་འགན་འཁྲི་འཁུར་མཁན་གྱི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་ལས་ཀའི་བླང་བྱ་དང་ཆབ་མདོ་འཛུགས་སྐྱོང་གི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་གྲོང་ཨུད་ཀྱི་ལག་བསྟར་བསམ་འཆར་དང་ཞིབ་བསྡུར་ནན་ཏན་བྱས་ཏེ་ལྟེ་བའི་ཡན་ལག་གྲོང་ཁྱེར་གྱི་ཨར་སྐྲུན་དཔེ་རིས་དེ་དངོས་ལྗོངས་རི་མོ་ཞིག་ཏུ་འགྱུར་བར་བྱེད་དགོས། རིམ་པ་ཁག་དང་ཚན་པ་ཁག་དང་ཏང་ཡོན་ལས་བྱེད་པས་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་གཙོ་གནད་ལས་འགན་ཁག་ལ་དམ་པོར་དམིགས་ཏེ་ལག་ལེན་དང་ལོ་རྒྱུས། མི་དམངས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”དམ་པོར་དམིགས་པ།ཞུམ་མེད་མདུན་སྐྱོད་ཀྱི་ཉམས་འགྱུར་དང་འགག་སྒྲོལ་དཀའ་སེལ་གྱི་དཔའ་ཉམས་ལྡན་པའི་སྙིང་སྟོབས། མཚམས་མི་ཆད་པའི་སྙིང་རུས་བཅས་ཀྱི་ཐོག་ནས། ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ཆབ་མདོ་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད།

ཚོགས་ཆེན་ནི་རྔམ་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་གཞས》ཁྲོད་གྲོལ་བ་རེད།