国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月19日

ཆབ་མདོ་འཛུགས་སྐྲུན་གྱི་ལེའུ་གསར་པ་འབད་པས་རྩོམ་དགོས།

——ངེད་གྲོང་ཁྱེར་གྱི་སྐབས་གཉིས་པའི་གྲོང་ཨུད་ཨུ་ཡོན་ཚོས《ལས་དོན་སྙན་སྒྲོན》དང《ལག་བསྟར་བསམ་འཆར》ཐད་བགྲོ་གླེང་འཁྲུག་པོ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12ཚེས15ཉིན། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུ་འཚོགས་པ་དང་། ཚོགས་འདུར་ཞུགས་མཁན་ཚོས《གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན》དང《ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། ཚོགས་འདུར་ཞུགས་མཁན་ཚོས་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་དགོངས་འཆར་ལྷུག་པོར་གླེང་བ་དང་ཐབས་ཇུས་ཧུར་ཐག་བཏོན་ནས་ངེད་གྲོང་ཁྱེར་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེརཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་པ་ལ་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

《ལས་དོན་སྙན་སྒྲོན》ནང་བསྟན་པའི་ལས་དོན་ཕྱོགས་བསྡོམས་ནི་དོན་དངོས་དང་ཡོངས་སུ་མཐུན་ཞིང་དངོས་ཐོག་བདེན་འཚོལ་བྱུང་བས་འདི་ནི་འགན་འཁུར་ཡོད་ལ་ཐུགས་བཞེད་སེམས་མཚོན་གྱི་སྙན་སྒྲོན་ཡག་པོ་ཞིག་རེད།《ལག་བསྟར་བསམ་འཆར》ནང་དམངས་ཕན་བྱ་བཟང་ལ་དམ་པོར་དམིགས་ནས་དོན་འཁྱོལ་བྱེད་ཐབས་ཞིབ་ཚགས་སུ་བཏང་བས་དམིགས་ཚད་དང་བསམ་ཕྱོགས་ཁ་གསལ་བྱུང་ཡོད། དེ་ཡང་། 《ལས་དོན་སྙན་སྒྲོན》ནང་ལས་ཀའི་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ཡོད་པས་དེ་ནི་བདེན་འཚོལ་དངོས་སྒྲུབ་དང་མི་སེམས་ལ་སྐུལ་ལྕག་སྟེར་བའི་སྙན་སྒྲོན་ཞིག་ཡིན་པས་དེར་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས་རྦད་དེ་མོས་མཐུན་བྱུང་ཡོད།《ལག་བསྟར་བསམ་འཆར》བཏོན་པ་དེ་ནི་དུས་ཐོག་ཆར་པ་ལྟར་བྱུང་ཞིང་། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པར་ཁ་ཚ་དགོས་གཏུགས་ཤིག་ཡིན་ལ། ཆབ་མདོའི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་ཐུན་མོང་གི་རེ་འདུན་ཀྱང་ཡིན་པས་ཚོགས་ཞུགས་མི་སྣ་ཚང་མས་གང་བསམ་ལྷུག་བརྗོད་གནང་ཡོད་པ་རེད།

ཚང་མས་འཆར་གཞི་ཡག་པོ་ནི་ལག་ལེན་ལས་འབྱུང་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་འཐབ་ལ་བརྟེན་ནས་གཏོད་དགོས་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་བསམ་ཕྱོགས་ཁ་གསལ་བཟོས་ཏེ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

དེ་རིང་འཚོགས་པའི་གྲོང་ཨུད་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་དུ་འཛུགས་སྐྲུན་བྱ་རྒྱུའི་ལས་འགན་གལ་ཆེན་དེར་དམིགས་ཏེ་ལག་བསྟར་བསམ་འཆར་བཏོན་ཡོད། ལག་བསྟར་བསམ་འཆར་ནི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གནང་བའི་ང་ཚོ་ཆབ་མདོའི་ངེས་གནས་འདི་དང་གཙོ་དོན་སློབ་གསོའི་གྲུབ་འབྲས་དངོས་སུ་མཚོན་སྟངས་ཤིག་ཡིན་པས། ང་ཚོ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་མགྱོགས་སུ་ཐེབས་ངེས་ཡིན། ང་ཚོ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ངོས་ནས་བཤད་ན། རྗེས་མར་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁག་ལ་དམིགས་ནས་ལོ་རེའི་འཆར་གཞི་ཡག་པོ་བསྒྲུབ་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཀྱི་ཞན་ཆ་ལ་དམིགས་ཏེ་ང་ཚོས་ནུས་རྒྱུ་གཙང་མ་གཙོ་བོར་བྱས་པའི་ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་ལ་སྒུལ་ནུས་གསར་པ་སྣོན་རྒྱུ་ཡིན་ཞེས་གྲོང་ཁྱེར་འཕེལ་བསྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ལུའུ་ཧྥང་གིས་བཤད།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དང་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གདོང་མཆོང་དུང་བརྡ་བཏང་ནས་ང་ཚོར་འཆར་གཞི་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཚོགས་འདུ་གྲོལ་རྗེས། ང་ཚོས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་དུ་བཅུག་ནས། བསམ་སྤྱོད་གཉིས་ཀ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡི་གསུང་བཤད་ཀྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ། ས་ཁོངས་སྨན་བཅོས་ལྟེ་གནས་ཧུར་ཐག་གཏོད་པ། སྨན་བཅོས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཁྲོད་ནས་དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་གྱི་གྲུབ་འབྲས་གསར་པ་མཉམ་དུ་ལོངས་སྤྱོད་ཐུབ་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གྲོང་ཁྱེར་འཕྲོད་བདེ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་སྐབས་གཉིས་པའི་གྲོང་ཨུད་ཨུ་ཡོན་ཝང་ཅིན་ཧུའུ་ཡིས་བཤད།

《ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་དུ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་དེ་རིང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་དང་གྲོས་བསྡུར་བྱས་པ་འདི་གྲོང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པར་བརྩི་བའི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་གང་ལེགས་མཚོན་ཡོད། ཆབ་མདོ་ནི་ལྟེ་བའི་ཡན་ལག་གྲོང་ཁྱེར་དུ་འཛུགས་བསྐྲུན་བྱེད་པ་ལ་མཐུན་རྐྱེན་ཡག་པོ་ཡོད་ལ་ལས་འགན་ཡང་ཧ་ཅང་ལྗིད་པོ་རེད། སླད་ཕྱིན་ལོ་གསུམ་ནང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྗོངས་ཡོངས་ལས30%ཡན་ཟིན་རྒྱུ་དང་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད45%ཡན་ཟིན་རྒྱུ་རེད། འོན་ཀྱང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་གྱིས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་བསྐྲུན་བྱེད་པར་སྒུལ་ཤུགས་བསྩལ་ནས་ཡིད་ཆེས་ཇེ་བརྟན་དང་གཞི་འཛིན་ས་ཞིག་བྱུང་ཡོད། གོམ་སྟབས་རྗེས་མར་བསྡོམས་རྩིས་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། གཙོ་དོན་སློབ་གསོ་སྤེལ་བ་དང་བསྟུན་ནས་ཆབ་མདོ་འདི་ཉིད་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་གྲོང་ཁྱེར་བསྡོམས་རྩིས་ཅུད་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུད་ཀྲང་གཞོན་པ་ལི་ཅིན་གྱིས་བཤད།