国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月19日

ཀུང་ཧུའེ་ཚའེ་ཡིས་གསར་དུ་བསྐོ་གཞག་བྱས་པའི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་དང་མཉམ་སྡེབ་བཀའ་མོལ་གནང་སྐབས།

ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་སྤྱོད་ལ་རྒྱུན་ཆད་མེད་པར་ཞུན་བརྡར་བྱས་ཏེ་ཏང་དང་མི་དམངས་མང་ཚོགས་ལ་བློ་ཡིད་ཚིམས་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་ནན་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12པའི་ཚེས་14ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་གསར་དུ་བསྐོ་གཞག་བྱས་པའི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་དང་མཉམ་སྡེབ་བཀའ་མོལ་གནང་བ་རེད།

ཀུང་ཧུའེ་ཚའེ་ཡིས་ལས་བྱེད་པ་འདེམས་བསྐོ་སྤྱོད་གསུམ་གྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་གྲོང་ཨུད་ཀྱིས་ཆབ་མདོའི་ལས་དོན་གྱི་དོན་དངོས་དང་ལས་གནས་སྟོང་པ། ཚན་ཁག་གི་ད་ལྟའི་གནས་ཚུལ། ལས་བྱེད་པ་མི་སྒེར་གྱི་ཁྱད་ཆོས་བཅས་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས། གཞུང་དྲང་དྲང་གཞག་མཐའ་འཁྱོངས་བྱས་པ་དང་། ཀུན་སྤྱོད་གཙོ་བོར་འཛིན་པ་དང་སྤྱོད་ཡོན་གཉིས་ལྡན་ལ་མཐའ་འཁྱོངས། འཇོན་ཐང་དང་ཀུན་སྤྱོད་བཅས་ལ་བརྟེན་ནས་སྤྱད་པ། མང་ཚོགས་ཀྱིས་ཁས་ལེན་བྱེད་པ། མི་དང་ལས་གནས་ཕན་ཚུན་འཚམ་མཐུན་ཡོང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ལས་ཀ་སྒྲུབ་འདོད་པ་དང་། ལས་ཀ་བྱེད་ཐུབ་པ། ལས་ཀ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་བདམས་ནས་རྩ་འཛུགས་ཀྱི་བསམ་གཞི་དང་མང་ཚོགས་ཀྱི་བསམ་གཞི་གཉིས་ཕན་ཚུན་གཅིག་གྱུར་ཡོང་བ་བྱས་ཏེ། གོང་འོག་གི་ཐབས་ལམ་སྔར་བས་ཤར་བགྲོད་དང་། ཚན་པའི་གྲུབ་ཚུལ་སྔར་བས་ལེགས་འགྱུར། སྐས་རིམ་ལྟ་བུའི་འཛུགས་སྐྲུན་སྔར་བས་ལུགས་མཐུན། ལས་གནས་བརྗེ་རེས་སྔར་བས་རྒྱུན་ལྡན། གཅེས་སྐྱོང་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཐོན་ཡོད་ཅེས་བསྟན་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་ད་ཐེངས་ལས་བྱེད་པའི་ལས་གནས་ལེགས་སྒྲིག་བྱས་པ་དེས“བྱས་རྗེས་ཡོད་ན་གོ་གནས་ཡོད་པ་དང་གོ་གནས་ཡོད་ན་འགན་འཁྲི་ཡོད་པའི”མི་བདམས་པ་དང་མི་སྤྱོད་པའི་ཁྲིད་ཕྱོགས་གང་ལེགས་མངོན་པར་བྱས་པས། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་བརྩོན་སེམས་རྒྱུན་མཐུད་ངང་འཕེལ་བ་དང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་བཟོས་ཡོད། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་གསར་པས་རྩ་འཛུགས་ཀྱི་གཏན་འབེབས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། གྲོང་ཨུད་ཀྱི་དགོངས་པར་གོ་བ་ཡང་དག་ལེན་པ། ལས་གནས་གསར་པར་རྒྱུས་མངའ་ལོན་པ་དང་། གནས་བབ་གསར་པར་འཚམ་པ། ལས་འགན་གསར་པ་དང་ལེན་བྱེད་པ། འགན་འཁྲི་གསར་པ་སྒྲུབ་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་དང་གྲུབ་འབྲས་ཕུལ་བྱུང་ལ་བརྟེན་ནས་རྩ་འཛུགས་ཀྱི་གསོ་སྐྱོང་དང་ཡིད་ཆེས་ལ་དྲིན་ལན་འཇལ་བ་བཅས་བྱེད་དགོས། གཅིག་ནས་ཚུགས་གནས་མཐོ་རུ་གཏོང་བ་དང་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་དད་སེམས་བརྟན་པོ་དང་ཆབ་སྲིད་ཐད་བློ་དཀར་སེམས་དཀར་གྱི་མི་ཞིག་བྱེད་དགོས། གཉིས་ནས་ཟོལ་མེད་མཐུན་སྒྲིལ་དང་འགན་འཁུར་དངོས་སྒྲུབ་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་ལས་དོན་སྒྲུབ་མཁས་པའི་སྣེ་ཁྲིད་པ་ཞིག་གང་ཐུབ་བྱེད་དགོས། གསུམ་ནས་ཐོག་མའི་བསམ་འདུན་བརྟན་སྲུང་དང་དམིགས་ཡུལ་ལག་ལེན་བསྟར་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བར་བློ་སེམས་དཀར་མཁན་ཞིག་བྱེད་དགོས། བཞི་ནས་རང་དཔེ་གཞན་སྟོན་དང་རུལ་རྒོལ་འགྱུར་འགོག་བྱས་ནས་སྤྱོད་ཚུལ་ཉམས་སད་ཐེག་པ་དང་སྤྱོད་གཙང་རང་གཅུན་བྱེད་མཁན་གཞུང་དྲང་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའུ་ཀྲང་ལིས་པིན་ཚོགས་འདུར་ཞུགས་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལྟ་ཞིབ་ཨུ་ལྷན་གྱི་ལས་ཚབ་ཀྲུའུ་རེན་ཝང་ཧྲེ་ཡུས་ཀྱིས་སྲིད་གཙང་སློབ་གསོའི་གསུང་བཤད་གནང་ཡོད།