(ཚགས་པར་གོང་མར་མཐུད)
—《ཏང་གི་རང་ངོས་གསར་བརྗེ་གླེང་བ》ལས།
༧༣. སྲོག་ཤིང་རིན་ཐང་ལྟ་བ་ནི་མི་རིགས་ཤིག་གི་ཚེ་སྲོག་རྒྱུན་སྐྱོང་བའི་བསམ་པའི་རྒྱུན་ཐག་ཡིན་ལ། རྒྱལ་ཁབ་ཅིག་གི་ཐུན་མོང་གི་བསམ་བློ་ཀུན་སྤྱོད་ཀྱི་རྨང་གཞིའང་ཡིན། གལ་ཏེ་ཐུན་མོང་གི་སྲོག་ཤིང་རིན་ཐང་ལྟ་བ་མེད་ན། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་བླ་སྲོག་ལ་གནས་མལ་མེད་པ་དང་འགུལ་སྐྱོད་ལ་རྟེན་ས་མེད་པར་འགྱུར་འགྲོ་བས། འབོད་སྐུལ་ནུས་པ་སྟོབས་ཆེན་ལྡན་པའི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་ཐུབ་མིན་དེ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དང་རྒྱལ་ཁབ་ཡུན་སྐྱོང་གཏན་བདེ་ལ་འབྲེལ་ཡོད།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས།
༧༤. དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་དང་དེང་སྐབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་སུ་གཏང་རྒྱུ་ནི། དེང་སྐབས་ཀྲུང་གོའི་གུང་ཁྲན་ཏང་མིའི་གཡོལ་དུ་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པས། ང་ཚོས་གནད་དོན་གྱི་འདུ་ཤེས་དང་དུས་རབས་ཀྱི་འདུ་ཤེས། འཐབ་ཇུས་ཀྱི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང་། གཏིང་ཟབ་པའི་ལོ་རྒྱུས་ཀྱི་མིག་རྒྱང་དང་རྒྱ་ཆེ་བའི་རྒྱལ་སྤྱིའི་མཐོང་ལམ་སྤྱད་ནས་བྱ་དངོས་འཕེལ་རྒྱས་ཀྱི་ངོ་བོ་དང་ནང་གནས་འབྲེལ་བ་ཁོང་དུ་ཆུད་པ། མི་དམངས་དུང་ཕྱུར་མང་པོའི་གསར་གཏོད་རང་བཞིན་གྱི་ལག་ལེན་ལ་རྗེས་སྙེག་དམ་པོ་བྱེད་པ། མིའི་རིགས་ཀྱི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་ཡོད་ཚད་བསྡུ་ལེན་དང་དཔྱད་གཞིར་འཛིན་པ། དུས་རབས་དང་ལག་ལེན་གྱི་ང་ཚོར་བཏོན་པའི་བརྗོད་གཞི་གལ་ཆེན་གསར་པར་མུ་མཐུད་དུ་ལན་བཏབ་སྟེ། དེང་སྐབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་ལ་སྔར་ལས་མཚར་སྡུག་ལྡན་པའི་བདེན་ལུགས་ཀྱི་གཟོ་འོད་འཕྲོ་རུ་འཇུག་དགོས།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་ཆེད་དོན་བཏུས་སྒྲིག》ལས།
༧༥. རིག་གནས་ཀྱི་གདེང་ཚོད་ནི། སྔར་ལས་རྨང་གཞི་དང་སྔར་ལས་རྒྱ་ཁྱབ། སྔར་ལས་གཏིང་ཟབ་པའི་གདེང་ཚོད་ཅིག་ཡིན། ལོ་ངོ་སྟོང་ཕྲག་ལྔའི་ཤེས་རིག་གི་འཕེལ་རྒྱས་ཁྲོད་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བྱུང་བ་དང་། ཏང་དང་མི་དམངས་ཀྱི་འཐབ་རྩོད་རླབས་པོ་ཆེའི་ལས་གསར་བརྗེ་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བྱུང་བ་ཡིན་པས། དེར་ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཏིང་རིམ་དུ་གནས་པའི་བསམ་པའི་འཚོལ་སྙེག་འདུས་ཡོད་ལ། དེས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་ཀྱང་མངོན་ཡོད།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་བཏུས་སྒྲིག》ལས།
༧༦. བསམ་བློ་དྲིལ་སྒྲོག་གསར་གཏོད་བྱེད་པར། འདུ་ཤེས་གསར་གཏོད་དང་བྱེད་ཐབས་གསར་གཏོད། གཞི་རིམ་ལས་དོན་གསར་གཏོད་བཅས་གཙོ་གནད་དུ་འཛིན་དགོས་པ་དང་། བསམ་བློའི་ངོས་ཤེས་ཀྱི་མཆོང་སྐྱོད་གསར་པར་བརྟེན་ནས་ལས་དོན་གྱི་རྣམ་པ་གསར་པ་འབྱེད་པར་བརྩོན་པ། ལས་དོན་གྱི་དཀའ་གནད་སྒྲོལ་བར་ཕན་པའི་བྱེད་ཐབས་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། གསར་གཏོད་ཀྱི་དཀྱིལ་སྙིང་གཞི་རིམ་གྱི་ཡུལ་དངོས་དང་པོར་འཇོག་དགོས། རིག་གནས་ལམ་ལུགས་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། རིག་གནས་བྱ་གཞག་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་དང་རིག་གནས་ཐོན་ལས་མྱུར་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།
—《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》པོད་དང་པོ་ལས།
༧༧. བདེན་སྲུང་དང་གསར་གཏོད་གཉིས་ཕན་ཚུན་རམ་འདེགས་ཡིན་ཞིང་། དེས་འགྱུར་དང་མི་འགྱུར་དང་། རྒྱུན་འཛིན་དང་འཕེལ་རྒྱས། རྩ་དོན་རང་བཞིན་དང་གསར་གཏོད་རང་བཞིན་གྱི་རྩོད་སྒྲུབ་གཅིག་གྱུར་མཚོན་ཡོད། བདེན་པ་སྲུང་དགོས་ཀྱང་། དེ་ནི་རང་སོར་བསྡད་པ་མིན་པར། མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་དུས་བསྟུན་མདུན་སྐྱོད་བྱེད་དགོས་པ་ཡིན་ཞིང་། གལ་ཏེ་དེ་ལས་ལྡོག་ཚེ་རྙིང་པ་དང་དུས་ཡོལ། མཁྲེགས་འཛིན་བཅས་ཡིན། ང་ཚོས་གསར་གཏོད་བྱེད་དགོས་ཀྱང་། མར་ཁེ་སི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ལ་ཁ་འབྲལ་མི་རུང་ཞིང་། ཏང་གི་མགོ་ཁྲིད་ལའང་གཡོ་འགུལ་ཐེབས་མི་རུང་། གལ་ཏེ་དེ་ལས་ལྡོག་ཚེ། དར་ཆ་བརྗེ་བ་དང་ངོ་བོ་ཁ་དོག་འགྱུར་སོང་བ་ཡིན། བདེན་སྲུང་དང་གསར་གཏོད་ཕན་ཚུན་གཅིག་གྱུར་ཡོང་བར་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། བདེན་སྲུང་ཁྲོད་གསར་གཏོད་བྱེད་པ། གསར་གཏོད་ཁྲོད་འཕེལ་རྒྱས་གཏོང་བ། བདེན་ལུགས་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་ཕོད་པ། འགྱུར་ལྡོག་ལ་བརྩོན་པ་དང་གསར་གཏོད་ལ་འབད་པ། མདུན་སྐྱོད་ལ་བརྩོན་པ་བཅས་ཕོད་པ། ལག་ལེན་གསར་པའི་ཁྲོད་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། གཞུང་ལུགས་གསར་པས་ལག་ལེན་གསར་པར་མཛུབ་སྟོན་བྱེད་དགོས།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས།
༧༨. གནམ་གྱི་གཟིགས་པ་དེ་དམངས་ཀྱི་མཐོང་བ་ལས་འབྱུང་ཞིང་། གནམ་གྱི་གསན་པ་ཡང་དམངས་ཀྱི་ཐོས་པ་ལས་འབྱུང་། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ལེགས་པོ་དང་སྲུང་སྐྱོང་ལེགས་པོ། འཕེལ་རྒྱས་ལེགས་པོ་བྱེད་པ་དེ་ལས་དོན་ཡོད་ཚད་ཀྱི་མགོ་རྩོམ་ས་དང་གཞི་འབེབས་སར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ང་ཚོས་ལས་དོན་གལ་ཆེན་དང་ཇུས་ཆོད་གལ་ཆེན་ཀྱིས་ངེས་པར་དུ་དམངས་ཚུལ་དང་གཞི་ཚུལ་རྟོགས་དགོས། མི་དམངས་མང་ཚོགས་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་དང་མི་དམངས་མང་ཚོགས་ཀྱི་རེ་བཞག་དྲན་པར་བྱེད་པ་དང་། མང་ཚོགས་ཀྱི་སྐད་སྒྲར་གཞུང་དྲང་མོས་ཉན་པ། མང་ཚོགས་ཀྱི་རེ་འདུན་ངོ་མ་མངོན་པར་བྱས་ཏེ། མང་ཚོགས་ཀྱི་དཀའ་སྡུག་ལ་བརྩེ་བ་ངོ་མས་སེམས་ཁུར་བྱེད་དགོས། ལས་དོན་ལྟེ་བ་མར་འབབ་པར་རྒྱུན་འཁྱོངས་བྱེད་པ་དང་། དངོས་ཡོད་ལ་ཟབ་འཇུག་དང་གཞི་རིམ་ལ་ཟབ་འཇུག མང་ཚོགས་ཁྲོད་ཟབ་འཇུག་བཅས་བྱེད་པ། དམངས་ཚུལ་རྟོགས་པ་དང་དམངས་ཁྲེལ་སེལ་བ། དམངས་ཀྱི་འཁང་སེམས་ཞི་བ། དམངས་སེམས་དྲོ་བ་བཅས་སྒྲུབ་ཐུབ་པ། མི་དམངས་ཡིད་ཚིམ་པའི་དོན་བཟང་དང་དོན་དངོས་མང་པོ་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཕུན་སུམ་ཚོགས་པར་སློང་དགོས།
—《ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་བཏུས་སྒྲིག》ལས།
༧༩. བགྲོད་ལམ་གསར་པའི་ཐོག ང་ཚོས་ཏང་གི་རང་ངོས་གསར་བརྗེ་ལ་དུས་དང་རྣམ་པ་ཀུན་ཏུ་སྐུལ་འདེད་གཏོང་དགོས། དཀའ་སྡུག་ཚད་མེད་མྱངས་ཀྱང་ཐོག་མའི་བསམ་འདུན་མི་བསྒྱུར་བའི་ཏང་ཞིག་ཡིན་ན། ད་གཟོད་གཞི་ནས་བྱ་གཞག་གི་རྨང་གཞི་རྟག་ཏུ་བརྟན་ཐུབ་པ་དང་། མཚར་སྡུག་འོད་སྟོང་འབར་བའི་གྲུབ་འབྲས་ལེན་ཐུབ་ལ་རང་ངོས་གསར་བརྗེ་ཕོད་པའི་གསར་བརྗེ་ཏང་ཞིག་ཡིན་ན། ད་གཟོད་སུ་དང་གང་གིས་ཀྱང་གཏོར་མི་ཐུབ། ལོ་བརྒྱའི་ཆར་རླུང་བརྒྱུད་པ་དང་མེ་ལ་བཙོ་སྦྱངས་བྱས་པས་རྣོ་ལྕགས་སུ་འགྱུར་ལ། ལྷག་པར་དུ་དུས་རབས་གསར་པའི་ལོ་བཅུའི་གསར་བརྗེ་རང་བཞིན་གྱི་སྦྱོང་བརྡར་བྱས་པས། ཀྲུང་གོ་གུང་ཁྲན་ཏང་ནི་སྔར་ལས་སྲ་བརྟན་ཤུགས་ཡོད་དང་སྔར་ལས་གསོན་ཤུགས་ཀྱིས་ཁེངས་ཡོད།
བགྲོད་ལམ་གསར་པའི་ཐོག་འགྲན་སློང་གསར་པ་དང་ཉམས་ཚོད་གསར་པར་ཁ་གཏད་དེ། ང་ཚོས་ངེས་པར་དུ་ཉེན་ཟོན་མཐོན་པོ་བྱེད་པ་དང་རྒྱུགས་ལེན་པར་རིངས་པར་བསྐྱོད་པའི་རིག་པ་གསལ་པོ་དང་གཟབ་ནན་གྱི་རྣམ་འགྱུར་དུས་གཏན་དུ་རྒྱུན་སྲུང་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་རྒྱུན་ཆེད་མེད་པར་སྐུལ་འདེད་བཏང་ནས། ལོ་བརྒྱའི་ཏང་ཆེན་གྱིས་རང་ངོས་གསར་བརྗེ་ཁྲོད་མུ་མཐུད་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་མི་དམངས་ཀྱི་ཆེས་ཡིད་བརྟན་འཁེལ་བ་དང་ཆེས་སྟོབས་དང་ལྡན་པའི་སྲོག་ཤིང་དུ་འགྱུར་བར་འཇུག་དགོས།
—《ཏང་གི་རང་ངོས་གསར་བརྗེ་གླེང་བ》ལས།
༨༠. སྐྱེ་ཁམས་བཅོས་སྐྱོང་ལ་ངེས་པར་རྩིས་རྒྱག་པ་དང་། ཡུན་རིང་གི་རྩིས་དང་སྤྱི་ཡོངས་ཀྱི་རྩིས། ཕྱོགས་བསྡུས་ཀྱི་རྩིས་བཅས་རྒྱག་དགོས། གལ་ཏེ་ཆུང་བའི་རྐྱེན་གྱིས་ཆེ་བ་ཤོར་བ་དང་འདི་བསམ་པས་དེ་ཤོར་བ་ཡིན་ན། མཐའ་མཇུག་སྐྱེ་ཁམས་ཁོར་ཡུག་ལ་རྒྱུད་ཁོངས་རང་བཞིན་དང་ཡུན་རིང་རང་བཞིན་གྱི་གཏོར་བརླག་ཐེབས་ངེས་པས། སྐྱེ་ཁམས་རྒྱུད་ཁོངས་ཀྱི་སྤྱི་ཡོངས་རང་བཞིན་དང་རྒྱུད་ཁོངས་རང་བཞིན། དེ་བཞིན་དེའི་ནང་གནས་ཆོས་ཉིད་ལྟར། རང་བྱུང་སྐྱེ་ཁམས་ཀྱི་རྒྱུ་རྐྱེན་ཁག་དང་རི་མགོ་རི་རྟིང་། ས་འོག་ས་སྟེང་། སྐམ་ས་རྒྱ་མཚོ། འབབ་རྒྱུད་ཀྱི་སྟོད་སྨད་བཅས་ལ་སྤྱི་འདོམས་བསམ་གཞིག་གཏོང་དགོས་ཤིང་། སྤྱི་ཁོག་སྲུང་སྐྱོང་དང་རྒྱུད་ཁོངས་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱས་ཏེ། སྐྱེ་ཁམས་རྒྱུད་ཁོངས་ཀྱི་འཁོར་རྒྱུག་ནུས་པ་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་དོ་སྙོམས་ལ་སྲུང་སྐྱོང་བྱེད་དགོས།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས།
༨༡.ཀྲུང་ཧྭ་མི་རིགས་ལ་གཏིང་ཟབ་ཅིང་རྔམ་མཐུག་པའི་རིག་གནས་ཀྱི་སྲོལ་རྒྱུན་ཡོད་པ་དང་། ཁྱད་ཆོས་ལྡན་པའི་བསམ་བློའི་མ་ལག་ཕུན་སུམ་ཚོགས་པར་ཆགས་ཡོད་པ་དེས། ཀྲུང་གོ་པས་ལོ་ངོ་སྟོང་ཕྲག་འགར་བསགས་པའི་ཤེས་བྱ་དང་བློ་གྲོས། རྗེས་དཔག་རིག་རྟོག་བཅས་མངོན་པར་མཚོན་ཡོད། འདི་ནི་རང་རྒྱལ་གྱི་དམིགས་བསལ་ཁྱད་འཕགས་ཀྱི་དགེ་མཚན་ཡིན། ཀྲུང་ཧྭ་ཤེས་རིག་གིས་ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་བསམ་བློའི་ཁྲག་རྒྱུན་སྐྱོང་བཞིན་ཡོད་པས། གཅིག་རྒྱུད་གཅིག་གིས་འཛིན་པ་དང་མི་རབས་ནས་མི་རབས་སུ་བདག་སྐྱོང་བྱེད་དགོས་ལ། དུས་བསྟུན་མདུན་སྐྱོད་དང་རྙིང་དོར་གསར་འདོན་ཡང་བྱེད་དགོས། ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་འགྲེལ་བཤད་ལ་ཤུགས་བསྣན་ནས། ཀྲུང་ཧྭ་མི་རིགས་ཀྱི་གཞི་རྩའི་རིག་གནས་ཀྱི་གཞི་རྒྱུ་དང་དེང་སྐབས་ཀྱི་རིག་གནས་གཉིས་ཕན་ཚུན་འཕྲོད་པར་བྱེད་པ་དང་། དེང་རབས་སྤྱི་ཚོགས་དང་མཐུན་སྦྱོར་བྱེད་པ། ཡུལ་དུས་བརྒལ་བ་དང་རྒྱལ་ཁོངས་བརྒལ་བ། རྟག་བརྟན་གྱི་མཛེས་པས་ཕྱུག་པ། དེང་སྐབས་ཀྱི་རིན་ཐང་ལྡན་པའི་རིག་གནས་སྙིང་སྟོབས་དར་སྤེལ་གཏོང་དགོས།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་ཆེད་དོན་བཏུས་སྒྲིག》ལས།
༨༢.སྤྱི་ཚོགས་འཕོ་འགྱུར་ལ་མཇུག་མཐའི་རྒྱལ་ཁ་ལེན་པར་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ངེས་པར་དགོས་པ་དེ། ལོ་རྒྱུས་དང་དངོས་ཡོད་གཉིས་ཀྱིས་ང་ཚོར་གསལ་སྟོན་བྱས་ཡོད། ཁ་སང་གི་རྒྱལ་ཁས་རྗེས་ཕྱོགས་ཀྱང་རྟག་པར་རྒྱལ་ཁ་ལེན་ཐུབ་པ་མཚོན་མི་ཐུབ་ལ། འདས་ཟིན་པའི་མཚར་སྡུག་གིས་མ་འོངས་པར་གཏན་དུ་མཚར་སྡུག་ལྡན་ནུས་པའང་མཚོན་མི་ཐུབ། ང་ཚོ་རྒྱལ་ཁའི་དབང་གིས་ང་རྒྱལ་གཏན་ནས་སྐྱེས་མི་རུང་ལ། གྲུབ་འབྲས་རྒྱུ་མཚན་དུ་བྱས་ནས་སྒྱིད་ལུག་ཏུ་དེ་བས་ཀྱང་སྡོད་མི་རུང་། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་གསར་འབྱེད་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། དཀའ་སྤྱད་སྡུག་རུས་དང་དཔའ་སྤོབས་ཞུམ་མེད་ཀྱིས་མདུན་དུ་བསྐྱོད་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་གྲུ་གཟིངས་ཆེན་མོ་རླབས་གཤགས་ཞུམ་མེད་ཀྱིས་མདུན་སྐྱོད་བྱེད་དགོས།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས།
༨༣. ཏང་སྲིད་དམག་དམངས་སློབ་གྲྭ་དང་། ཤར་ལྷོ་ནུབ་བྱང་དཀྱིལ་བཅས་གང་དུ་ཡང་། ཏང་གིས་ཡོད་ཚད་ལ་མགོ་ཁྲིད་བྱེད་པ་ཡིན། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པར། ཐོག་མར་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། འདི་ནི་ཏང་གི་མགོ་ཁྲིད་ཀྱི་ཆེས་མཐོ་བའི་རྩ་དོན་ཡིན་པས། དུས་སྐབས་གང་དང་གནས་ཚུལ་ག་འདྲ་ཞིག་གི་འོག་ཏུ་ཡང་མག་མོག་དང་གཡོ་འགུལ་གཏན་ནས་བྱེད་མི་རུང་། ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་བརྩི་སྲུང་ཞུ་བ་དང་། ཆབ་སྲིད་འདུ་ཤེས་དང་ཆེ་ཕྱོགས་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟ་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་གིས་ཁ་ཕྱོགས་འཛིན་པ་དང་ཆེ་ཕྱོགས་ལ་ཇུས་འགོད་འཐེན་པ། སྲིད་ཇུས་གཏན་ལ་ཕབ་པ། བཅོས་སྒྱུར་ལ་སྐུལ་བ་བཅས་ཀྱི་ནུས་པ་དང་ངེས་ཤུགས་མཐོར་འདེགས་པ། ས་གནས་དང་སྡེ་ཁག་ཁ་ཤས་ལ་གནས་པའི་ཏང་གི་མགོ་ཁྲིད་སྟོབས་ཞན་པ་དང་ཏང་འཛུགས་སྐྱོང་བཏང་སྙོམས་སུ་ལུས་པའི་སྣང་ཚུལ་མཐའ་གཅིག་ཏུ་བསྒྱུར་ནས། ཏང་ཡོངས་ཀྱི་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐོག་ཏང་ཀྲུང་དབྱང་དང་ཚད་མཐོ་བའི་གཅིག་གྱུར་ཡོང་བར་ཁག་ཐག་བྱེད་དགོས་པར་ང་ཚོས་བླང་བྱ་བཏོན་པ་ཡིན།
—《ཏང་གི་རང་ངོས་གསར་བརྗེ་གླེང་བ》ལས།
༨༤. རང་ངོས་གསར་བརྗེ་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པའི་གནད་འགག་ནི་གནད་དོན་ལ་ཐད་ཀར་གདོང་གཏོད་པའི་རང་རྟོགས་དང་གྲི་ཁ་ནང་ལ་སྐོར་བའི་སྤོབས་པ་ཡོད་དགོས་པ་དེ་ཡིན། “གནམ་འོག་གི་གེགས་རྐྱེན་ཆེ་ཤོས་ནི་རྒྱལ་ཁམས་ཟང་ཟིང་དུ་གྱུར་ཀྱང་དེ་གང་གིས་སྐྱེད་པ་མ་ཤེས་པ་དེའོ། །” རང་ངོས་གསར་བརྗེ་ནི་མ་གཞི་ནས་གནད་དོན་ལ་དམིགས་པ་ཡིན་ལ། ནད་གཞི་གསང་ནས་གསོ་བཅོས་ལ་འཛེམ་པ་ནི་རང་ངོས་གསར་བརྗེའི་གཉན་པོ་ཡིན། དུས་གང་ཞིག་ཡིན་རུང་། གནད་དོན་ནི་ནམ་ཡིན་ཡང་ཕྱི་རོལ་ཏུ་གནས་ཡོད། སྐྲག་དགོས་ས་ནི་ལན་མང་མཐོང་བས་སྣང་མེད་དུ་འཇོག་པ་དང་མཐོང་ཡང་མ་མཐོང་ཁུལ་བྱེད་པ་དེ་ཡིན་ཞིང་། མཇུག་མཐར་གནད་དོན་ཆུང་ངུ་ཆེན་པོར་འགྱུར་བ་དང་། ཆུ་ཕྲན་བཞུར་ནས་རི་ཆེན་ཉིལ་ཡང་སྲིད་པས། རྙིང་དོར་གསར་འཛུགས་དང་བདེན་སྲུང་གསར་འདོན་ཁྲོད་རང་ངོས་ཐོལ་བརྒལ་འབྱུང་བར་འབད་ན། ད་གཟོད་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་མུ་མཐུད་དུ་སྐྱེ་སྟོབས་ཀྱི་གསོན་ཤུགས་སྩོལ་ཐུབ།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་ཆེད་དོན་བཏུས་སྒྲིག》ལས།
༨༥. བརྟག་དཔྱད་ཞིབ་འཇུག་རྒྱུན་རྣམ་ཅན་དུ་བསྒྱུར་དགོས། མང་ཚོགས་ཁྲོད་ཞུགས་པ་དང་ལག་ལེན་ལ་ཞུགས་པ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་ལས་བྱེད་མང་ཚོགས་ཀྱི་འདོད་པ་དང་བྲེལ་འཚུབ། རེ་བཞག་བཅས་ལ་ཉན་པ། གནས་ཚུལ་ངོ་མ་རྒྱུས་ལོན་དང་ཁོང་དུ་ཆུད་པ། རྟ་རྒྱུག་ཞོར་དང་མེ་ཏོག་འཐུ་ཞོར། ཕྱི་ཚུལ་ཙམ་ལ་འཇུག་པ། གཅིག་ཐོབ་རང་བསྟོད། གཅིག་དཔེ་བརྒྱ་འགེབས་བཅས་གཏན་ནས་བྱེད་མི་རུང་། བརྟག་ཞིབ་བྱས་ནས་ཐོབ་པའི་རྒྱུ་ཆ་དང་གནས་ཚུལ་འབོར་ཆེན་ལ། ཞིབ་འཇུག་དབྱེ་ཞིབ་ནན་ཏན་བྱས་ནས། འདི་ཡོད་པས་དེ་འབྱུང་བ་དང་ཕྱི་རྟོགས་པས་ནང་མཐོང་བར་བྱེད་དགོས། ཞིབ་འཇུག་ཕུན་སུམ་ཚོགས་པ་བྱས་ནས་ཅུང་ཟད་སྨིན་ཐག་ཆོད་པའི་བརྟག་ཞིབ་ཀྱི་འབྲས་བུ་དེ། དུས་ལྟར་ཇུས་ཆོད་བཀོད་སྒྲིག་དང་བྱེ་བྲག་གི་བྱེད་ཐབས་ལ་བསྒྱུར་དགོས། ད་དུང་ཞིབ་འཇུག་མཐིལ་རྟོགས་མ་བྱུང་བའི་བརྟག་ཞིབ་ཀྱི་འབྲས་བུ་ལ་སྔར་ལས་གཏིང་ཟབ་པའི་སྒོ་ནས་བསམ་འཆར་ལ་ཉན་པ་དང་། འཐུས་ཚང་དུ་གྱུར་རྗེས་ལག་ལེན་དུ་བསྟར་དགོས། བྱེད་ཐབས་ལ་བསྒྱུར་ཟིན་པ་དང་དངོས་འབེབས་བྱས་ཟིན་པ་ལ། དུས་ལྟར་རྗེས་སྙེག་དཔྱད་འཇོག་དང་། གནས་ཚུལ་དང་བསྟུན་ནས་ལེགས་སྒྱུར་སྙོམ་སྒྲིག་བྱེད་དགོས།
—《ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་དཔྱད་བཏུས་སྒྲིག》ལས།
༨༦. ཏང་ཡོན་ལས་བྱེད་པ་ཞིག་ལ་ཕུགས་འདུན་དད་སེམས་བརྟན་པོ་ཡོད་མེད་བརྟག་པར་ཕྱི་རོལ་གྱི་ཚད་གཞི་ཡོད་དེ། གསར་བརྗེ་དམག་འཁྲུག་གི་ལོ་རབས་སུ། ལས་བྱེད་པ་ཞིག་གི་ཕུགས་འདུན་དད་སེམས་བརྟན་མི་བརྟན་བརྟག་པ་ལ། ཁོས་ཏང་དང་མི་དམངས་ཀྱི་བྱ་གཞག་གི་དོན་དུ་རང་སྲོག་བློས་གཏོང་ཐུབ་མིན་དང་། མཆོང་བརྡ་བཏང་མ་ཐག་མྱུར་ཏུ་རྒྱུག་ཐུབ་མིན་ལ་ལྟ་དགོས། འདི་ལྟ་བུའི་བརྟག་ཐབས་ནི་ཆེས་ཐད་ཀར་བ་ཞིག་ཡིན། ད་སྐབས། ཏང་ཡོན་ལས་བྱེད་པ་ཞིག་གི་ཕུགས་འདུན་དད་སེམས་བརྟན་མི་བརྟན་བརྟག་པ་ལ། ཁོ་ལ་ཆབ་སྲིད་ཀྱི་ཉམས་ཚོད་ཆེན་པོའི་བདུན་དུ་ཆབ་སྲིད་ཀྱི་ངེས་ཤུགས་ཡོད་མེད་དང་། དམིགས་ཡུལ་འདུ་ཤེས་བརྟན་པོ་བཙུགས་ཡོད་མེད། ལས་དོན་ཐོག་མཐའ་གཅིག་ཏུ་འགན་ཁུར་ཐུབ་མིན། དཀའ་སྡུག་སྔོན་དང་ལོངས་སྤྱོད་རྗེས་སུ་མྱོང་ཐུབ་མིན། བྲེལ་འཚུབ་དང་དཀའ་ཁག ཉེན་ཁ་བཅས་ཆེ་བའི་འགན་ལྗིད་མོ་འཁུར་ཕོད་པའི་བློ་སྤོབས་དང་ཁག་ཁུར་ཡོད་མེད། དབང་ཆ་དང་རྒྱུ་ནོར། མཛེས་མའི་སྒེག་ཉམས་བཅས་ཀྱི་བསླུ་བྲིད་ལ་གཡོལ་ཐུབ་མིན་བཅས་ལ་ལྟ་དགོས། ཕུགས་འདུན་དད་སེམས་བརྟན་པོ་ཆགས་པ་ནི། ལས་སླ་འགྲུབ་བདེ་ཞིག་མིན་ལ། དཀའ་བ་གཅིག་གིས་གཏན་གྱི་བདེ་བ་ཐོབ་ཐུབ་པ་ཞིག་ཀྱང་མིན། རང་ཉིད་ཀྱིས་བརྟན་པོ་ཡིན་འདོད་ན་བརྟན་པོ་ཡིན་པའི་ངེས་པ་ནི་དེ་བས་ཀྱང་མེད་པར། འཐབ་རྩོད་ཀྱི་ལག་ལེན་ཁྲོད་མུ་མཐུད་དུ་སྦྱོང་བརྡར་དང་ཉམས་སད་ཐེག་ཐུབ་པར་བྱེད་དགོས་པར་མ་ཟད། འདི་ནི་ཡུན་རིང་གི་ཉམས་སད་ཅིག་ཡིན་པས། སྐབས་མང་པོར་དེ་ནི་དཀའ་སྡུག་དྲག་པོ་ལྡན་པ་ཞིག་ཡིན་ལ། མི་ཚེ་གང་པོར་དཀའ་ཚེགས་ལྡན་པ་ཞིག་ཀྱང་ཡིན་སྲིད། (མུ་འགོད)