འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས4ཉིན་ནས་ཚེས7ཉིན་བར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེ་རུ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། ཧྲན་ཤིས་ལུའེ་ལེང་གྲོང་ཁྱེར་ཡུང་ཅུས་རྡོ་སོལ་གཏེར་ཁའི་གཞུང་ལས་ཐོག་ཁང་ཞིག་ལ་མེ་སྐྱོན་ཐོན་པའི་ལས་འཛོལ་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་ཚོགས་འདུའི་དགོངས་དོན་དེ་བཞིན་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད་ལོ་མཇུག་དང་ལོ་མགོའི་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་སྒྲིག་བྱས་ཡོད་པ་རེད།
ལའོ་ཆིན་འུའུ་ཡིས་གཅིག་ནས“ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་འཁུར་བ། འགན་འཛོལ་གྱི་འགན་འཁྲི་བདའ་འདེད་གཏོང་བ”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གཉིས་ནས་ཟུར་བསྟན་ལེབ་མཐོང་བྱས་ཏེ་མངོན་མེད་རྐྱེན་ངན་ནི་ལས་འཛོལ་གྱི་ཉེན་ཁའི་འདུ་ཤེས་བརྟན་པོ་བཙུགས་ནས་གཞུང་ལམ་འགྲིམ་འགྲུལ་དང་། ནགས་ཚལ་དང་རྩྭ་ཐང་མེ་ཟོན། ཨར་སྐྲུན་བཟོ་སྐྲུན། མེ་ཟོན་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་བཅོས་སྒྲིག་མུ་མཐུད་ཡག་པོ་བྱེད་དགོས། གསུམ་ནས་དགུན་དུས་ཀྱི་གནོད་འཚེ་འགོག་ཟོན་དང་ཁ་གཏད་གཅོག་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་གངས་འཁྱགས་ཀྱི་གནོད་འཚེ་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་། སྡེ་ཚན་མང་པོ་ཞིག་གིས་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་དང་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། བཞི་ནས་གེགས་སེལ་རོགས་སྐྱོབ་ཀྱི་བསྡོམས་རྩིས་སྙན་ཞུའི་ལས་དོན་ནན་ཏན་དང་ཞིབ་ཚགས་ངང་སྒྲུབ་དགོས་པ་དང་ལྷག་པར་དུ་ལྷོ་རོང་གི“3.17”ས་ཡོམ་སོགས་གནོད་འཚེ་ཕོག་ཁུལ་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱེད་དགོས། ལྔ་ནས་བདེ་འཇགས་ཐོན་སྐྱེད་ལས་འཛོལ་གྱི་འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་སྔར་བས་འཐུས་ཚང་དང་ཞིབ་ཕྲ་བཟོ་དགོས་པའི་ནན་བཤད་གནང་ཡོད།