འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་ཕྱི་དོན་ལས་དོན་གྱི་གནས་བབ་གསར་པ་དང་འོས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པ་དང་། ཕྱི་ཕྱོགས་སྤེལ་རེས་དང་མཉམ་ལས་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་ངང་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གོ་དང་ཨུ་རུ་སུའི་སྲིད་འཛིན་ཏང་གི་གླེང་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བཅུ་པ་དང་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གཉིས་པ། འཛམ་གླིང་ཀྲུང་གོ་རིག་པའི་ཚོགས་ཆེན་ཧྲང་ཧའེ་གླེང་སྟེགས། 2023ལོའི“ཀྲུང་གོ་ཤེས་རྟོགས”ཀྱི་རྒྱལ་སྤྱིའི་ཚོགས་འདུ(ཀོང་ཀྲོའུ)“ལེང་ཀྲུའུ་གླེང་སྟེགས”སྐབས་དང་པོ། “2023ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”བཅས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པའི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2023ལོའི་གྲོང་ཁྱེར་ཡོངས་ཀྱི་ཕྱི་དོན་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་གསན་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་ཡོད།
ཀུང་ཧུའེ་ཚའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་གྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་བརྡ་རྟགས་དྲག་པོ་བསྟུད་མར་བཏང་བས་ང་ཚོས་ཕྱི་དོན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། འདི་ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་ཕྱི་དོན་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ཏེ་ཕྱི་ཕྱོགས་དང་སྤེལ་རེས་ཏན་ཏིག་བྱས་ནས་མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བས་ལས་དོན་ཁག་ལ་ཕན་འབྲས་བཟང་པོ་ཐོན་ཡོད་ཞེས་བསྟན།
ཀུང་ཧུའེ་ཚའེ་ཡིས་གཅིག་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་མཐའ་འཁྱོངས་བྱེད་དགོས། གཉིས་ནས་ཕྱི་ཕྱོགས་དྲིལ་བསྒྲགས་དང་སྤེལ་རེས་ལ་རྒྱུན་མཐུད་ཆེ་རུ་གཏོང་དགོས། གསུམ་ནས་ཕྱི་དོན་ཞབས་ཞུ་དང་དོ་དམ་ལ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)