(པར་ངོས་དང་པོར་མཐུད) མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་གྱིས་རྒྱ་ཆེའི་མང་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ནས་འཕེལ་རྒྱས་མཐོང་ཐུབ་པ་དང་།དངོས་ཕན་ཐོབ་ཐུབ་པ། དྲོད་ཁོལ་ཚོར་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།
ད་ལོའི་ཟླ3པའི་ཚེས་17ཉིན་ལྷོ་རོང་རྫོང་ལ་ས་ཡོམ་རིམ་པ་4.8བརྒྱབ་ནས་ལྷོ་རོང་རྫོང་གི་ཤང་གྲོང་ཁག་གི་མི་སེར་གྱི་སྡོད་ཁང་དང་བགྲོད་ལམ་སོགས་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་བཟོས་ནས་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་ཐེབས་ཡོད། ཀུང་ཧུའེ་ཚའེ་ཡིས་གེགས་བར་བྱུང་བའི་མང་ཚོགས་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ས་ཡོམ་བརྒྱབ་རྗེས་འཕྲལ་མར་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་དམར་རི་གྲོང་རྡལ་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད། ཟླ་11པའི་ཟླ་སྟོད་དུ་ཀུང་ཧུའེ་ཚའེ་སླར་ཡང་དམར་རི་གྲོང་རྡལ་གེགས་རྗེས་བསྐྱར་སྐྲུན་གྱི་མང་ཚོགས་ཀྱི་སྡོད་ཁང་སྐྲུན་ཡུལ་དངོས་ཀྱི་མྱུར་ཚད་ལ་ལྟ་ཞིབ་བྱས་ནས་སྤུས་ཚད་འགན་ལེན་དང་འཕེལ་རིམ་ལ་དམ་འཛིན་བྱས་ཏེ་གཏན་འཁེལ་གྱི་དུས་ཚོད་ནང་བསྐྲུན་ཐུབ་པ་བྱེད་པ་དང་འབྲེལ་མང་ཚོགས་ཀྱི་སྡོད་ཁང་ནང་སྡོད་རྒྱུ་སྒྲིག་འཛུགས་འོས་འཚམ་བྱས་ཏེ་མང་ཚོགས་བདེ་སྡོད་ལས་བརྩོན་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཏང་གི་ཁས་ལེན་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེ་ནི་ཀུང་ཧུའེ་ཚའེ་ད་ལོ་དམར་རི་གྲོང་རྡལ་དུ་སླེབས་ཐེངས་གསུམ་པ་དེ་ཡིན་པ་དང་། ཐོག་མར་སླེབས་སྐབས་ཀྱི་ཁང་པ་གོག་ཧྲུལ་དང་སེམས་སྡུག་གིས་མནར་བའི་གནོད་འཚེ་ཕོག་པའི་མང་ཚོགས་དང་མི་འདྲ་བར་ད་ཆ་དེ་གའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། མིག་གིས་ཕར་བལྟས་ཚེ་གསར་དུ་བསྐྲུན་པའི་མང་ཚོགས་ཀྱི་སྡོད་ཁང་གྲལ་འགྲིག་ཞིང་སྔོ་ལྗང་གི་ཁང་ཀླད་དང་སྤུས་ལེགས་ཀྱི་བརྐོས་རྒྱན་ལས་དེང་རབས་དང་བོད་ལུགས་ཟུང་འབྲེལ་གྱི་རྣམ་པ་ཟབ་མོ་མངོན་ཡོད།
གནོད་འཚེ་ཕོག་པའི་མང་ཚོགས་ཐང་ཆེན་དུ་འཛོམས་ནས་གླུ་ལེན་གར་འཁྲབ་ཀྱིས་ཁང་གསར་གྱི་ལྡེ་མིག་སྤྲོད་རྒྱུ་བསྒུགས་ཡོད། ཀུང་ཧུའེ་ཚའེ་ལྷོ་རོང་རྫོང་གི“གསུམ་པའི་བཅུ་བདུན”ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་གྱི་མང་ཚོགས་ཀྱི་སྡོད་ཁང་རྣམ་གྲངས་ལས་མཇུག་འགྲིལ་ནས་ཁང་པ་གསར་པར་སྤོ་བའི་མཛད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་ཤེ་དབྱིང་དང་མཉམ་དུ་མང་ཚོགས་ཀྱི་འཐུས་མིར་ཁང་གསར་གྱི་ལྡེ་མིག་སྤྲད་པ་རེད།
ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ནག་ལྕོག་ཤང་ཏང་ཨུད་ཀྱིས་བེད་མེད་ས་ཆའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་གསོ་ཚགས་གསོ་སྦྱོང་རྟེན་གཞི་དང་འདེབས་འཛུགས་ལག་ལེན་རྟེན་གཞི་བཏོད་དེ“ཏང་ཡོན་གྱིས་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་ལས་ཀ་བྱེད་པའི”བྱེད་ཐབས་འཚོལ་ཞིབ་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད།
ཀུང་ཧུའེ་ཚའེ་ཡིས་ས་བབ་མཐོ་བའི་ཞོག་ཁོག་འདེབས་འཛུགས་དང་། ས་གནས་དེ་གའི་ར་རྒན་གསོ་ཚགས། སྔོ་ཚལ་དྲོད་ཁང་ཆེ་མོ་བཅས་ལ་ལྟ་ཞིབ་ནན་ཏན་བྱས་ནས་ནག་ལྕོག་ཤང་གི་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་མང་ཚོགས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་བའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཏན་ཏན་ཏིག་ཏིག་གི་དོན་ཆུང་དང་བྱ་བ་དངོས་ཁག་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་འགྱུར་ལྡོག་འདུ་ཤེས་ལ་ཁྲིད་སྟོན་བྱས་ཏེ་དུས་ཚོད་དང་སེམས་ནུས་དེ་བས་མང་བ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་རྒྱུའི་ཐད་སྤྱོད་དགོས་པའི་ནན་བཤད་བྱས་པ་རེད།

