国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月08日

ཁ་རུབ་ཆུས་ཀྱིས་སྣོད་བཅུད་ཀྱི་རང་བཞིན་བརྟན་དུ་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ལ་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཁ་རུབ་ཆུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་169ཡིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས“རི་གཉིས”ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པ་གཞིར་བཟུང་།“སྣོད་བཅུད”ཀྱི་དོན་ཆེན་ཐག་གཅོད་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་ཁྲིད་སྟོན་དུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྣོད་བཅུད་བདེ་འཇགས་མཐའ་འཁྱོངས་ཐུབ་པའི་གནས་ཚུལ་འོག་མང་ཚོགས་ཀྱི་ཡོང་འབབ་གསོག་རྒྱུ་བྱུང་ནས་ཁ་རུབ་ཆུས་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་སྣོད་བཅུད་ཀྱི་རི་མོ་བསྐྲུན་རྒྱུའི་ཆ་རྐྱེན་བཟང་པོ་བཏོད་ཡོད།

ཁ་རུབ་ཆུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་ཆེ་མོའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་དུད་ཚང་དུ་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་སྤེལ་བ་དང་། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་། གྲུབ་རིམ། ནང་དོན་གཙོ་བོ། ལག་བསྟར་དོན་འཁྱོལ་ཇི་ལྟར་བྱེད་པ་སོགས་ཕྱོགས་བཞིའི་ཐད་ནས་འགྲེལ་བཤད་བརྒྱབ་པ་དང་། རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་འགན་ལེན་བྱས་ཡོད།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“ཁྱིམ་གཞིས་མཛེས་བཟོའི་བྱ་སྤྱོད”སྤེལ་བ་དང་། གྲོང་གསེབ་ཀྱི་ཁོར་ཡུག་ཡུག་སྦྲེལ་བཅོས་སྒྲིག་བྱེད་པ། “ཡ་རབས་ཁྱིམ་ཚང”གཏོད་པའི་བྱེད་སྒོ་སྤེལ་བ། ལུགས་རྙིང་སྲོལ་ངན་དོར་བ། སྲོལ་གསར་གཏོད་པ། “གསང་སྤྱོད་གསར་བརྗེ”ལག་ལེན་བསྟར་བ། མི་ཕྱུགས་ལོགས་སུ་དབྱེ་བ་བཅས་བྱས་པས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

ཁ་རུབ་ཆུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཆུས་ཞིང་ལས་དང་གྲོང་གསེབ་ཅུས་དང་ནགས་ལས་ནགས་ཚལ་དང་རྩྭ་ཐང་ཅུས་སོགས་སྡེ་ཚན་དང་གཞོགས་འདེགས་ཧུར་ཐག་བྱས་ནས་རྩྭ་ཐང་སྣོད་བཅུད་ཉམས་གསོའི་རྣམ་གྲངས་སྒྲིག་འཛུགས་བྱས་ཏེ་ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་ཁྲི་1200བཏང་བ་དང“རྒུད་གསབ་ལས་སྤྲོད”ཀྱི་བྱེད་སྟངས་གཞིར་བཟུང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་མི་ཐེངས་ཁྲི་428ལ་འབབ་འཕར་སྒོར་ཁྲི་53བྱུང་བ་དང་། ཁ་རུབ་ཆུས་ཀྱི་ཤང་དང་གྲོང་གསེབ“འགྲམ་བཞིའི”ཤིང་འཛུགས་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་སྐུལ་སློང་བྱས་ནས་འདེབས་ཁྱོན་མུའུ་ཁྲི་1.08ཟིན་པ་དང་། ལྗོན་ཤིང་མུའུ་ཁྲི་53.884འདེབས་འཛུགས་བྱས་པ། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་646.608བྱུང་བ། སྐྱེ་ཁམས་ཐོན་ཁུངས་བཟང་པོར་བརྟེན་པ་དང་། “མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྡོད་རྒྱུར་འཚམ་པའི་འཛུགས་སྐྲུན”གྱི་རྣམ་གྲངས་ལ་བརྟེན་ནས“གསང་སྤྱོད་གསར་བརྗེ”ལག་བསྟར་ཤུགས་ཆེན་བྱས་ཏེ་ཞིང་འབྲོག་ཁུལ་གྱི་གསང་སྤྱོད་5235སྒྱུར་བཀོད་བྱས་པ་དང་མང་ཚོགས་ཀྱི་ངལ་ལས་མི་ཐེངས་6924བསྡུ་ལེན་བྱས་པར་འབབ་འཕར་སྒོར་ཁྲི་589.81བྱུང་ཡོད།