国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月01日

ཡིད་ཀྱི་མཚོ་མོ་སྐྱོམ་པའི་བརྩེ་དུང་གི་ཉམས་འགྱུར། དབྱངས་ཅན་མགྲིན་པར་འཁྱུད་པའི་གདང་དབྱངས་ཀྱི་འགྱུར་ཁུགས།

——ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོས་སློབ་རའི་བོད་སྐད་ཡིག་གི་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ་བའི་གནས་ཚུལ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པར་སྐུལ་འདེད། སློབ་མ་ཚོའི་དཔེ་ཀློག་གི་སྤྲོ་སེམས་སྔར་བས་འཕེལ་བར་བྱེད་པ། དཔེ་ཀློག་གི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ། དཔེ་ཀློག་གིས་སྤྱི་ཚོགས་འཛུགས་སྐྱོང་བཅས་བྱ་ཆེད། ཟླ11ཚེས21ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོས་གཙོ་གཉེར་བྱས་པའི་སློབ་རའི་བོད་སྐད་ཡིག་གི་སྙན་ངག་གྱེར་འདོན་གྱི་མཐའ་མའི་རྟིང་རྩོད་འགྲན་སྡུར་དེ་སློབ་གྲྭའི་ལུས་རྩལ་ཐང་དུ་སྤེལ་བ་དང་། ཐེངས་འདིའི་བྱེད་སྒོའི་ཐོག་སློབ་གྲྭའི་འགོ་ཁྲིད་དང་། དགེ་རྒན། སློབ་མ་སོགས་མི་ཉིས་སྟོང་ལྷག་ཞུགས་ཡོད།

སྙན་ཞིང་འཇེབས་པའི་རོལ་དབྱངས་དང་ལྷན་གྱེར་འདོན་འགྲན་བསྡུར་མགོ་བརྩམས་པ་དང་། བདམས་ཐོན་པ20མཐའ་མའི་འགྲན་བསྡུར་ནང་ཞུགས་ཡོད། འགྲན་བསྡུར་ཁྲོད་བདམས་ཐོན་པ་ཚོས་ལྷག་བསམ་ཟོལ་མེད་ཀྱིས་འགྲན་བསྡུར་བྱས་ནས་རང་རང་གི་སྤྲོ་སེམས་མཚོན་པར་བྱས་ཤིང་། ཡུལ་དངོས་ལྟད་མོ་བར་ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་བརྒྱའི་རྒྱང་སྐྱོད་དང་ལོ་བརྒྱ་ཕྲག་རིང་གི་བློ་སྟོབས་མངོན་པར་མཚོན་པར་བྱས་ནས་འགྲན་བསྡུར་ཡུལ་དངོས་ཀྱི་དགེ་སློབ་མང་པོ་ཞིག་གི་ཡིད་དབང་ཅིག་ཅར་ཏུ་བཀུག

དཔྱད་འདེམས་ཨུ་ཡོན་ཚོ་ཆུང་གིས་སྐད་ཡིག་གི་མཚོན་ཚུལ་དང་།ཉམས་འགྱུར། ཀློག་རྩལ་སོགས་ཀྱི་ཐད་ནས་འགྲན་ཞུགས་པར་ཕྱོགས་བསྡུས་སྐར་གྲངས་དཔྱད་བསྡུར་བྱས་པ་དང་ཆུ་ཚོད་གཉིས་ལྷག་གི་འགྲན་བསྡུར་བྱས་པ་བརྒྱུད་མཐར་ལོ་རིམ་སོ་སོ་ནས་རིམ་པ་དང་པོ་གཉིས་རེ་དང་། རིམ་པ་གཉིས་པ་གསུམ་རེ། རིམ་པ་གསུམ་པ་ལྔ་རེ་བཅས་བདམས་ཐོན་བྱུང་ཞིང་དེ་བསྟུན་གྱི་མཛུབ་སྟོན་དགེ་རྒན་སོ་སོ་ལའང་བྱ་དགའི་རིམ་པ་ཕྱེ་ནས་གཟེངས་བསྟོད་དཔང་ཡིག་སྤྲད་ཡོད།

འགྲན་སྡུར་དངོས་ཀྱི་བར་གསེང་ནས་ལོ་རིམ་སོ་སོ་ནས་སློབ་མ་གསུམ་རེས་སྙན་འགྱུར་ངག་གི་རྟ་ལ་ཡིད་འོང་ཚིག་གི་ཕོ་ཉ་བསྐྱོན་ཏེ་གླུ་གཞས་ཀྱི་སྒྱུ་རྩལ་ངོམས་ལ། རྟིང་མར་རྒན་སྒྲོལ་མ་སྐྱབས་དང་རྒན་བསོད་ནམས་ཆོས་སྐྱིད། རྒན་ཚེ་རིང་སྒྲོལ་མ་གསུམ་གྱིས་ཡིད་ཀྱི་མཚོ་མོ་སྐྱོམ་པར་བྱེད་པའི་བརྩེ་དུང་གི་ཉམས་འགྱུར་དང་དབྱངས་ཅན་མགྲིན་པར་འཁྱུད་པ་ལྟ་བུའི་གདང་དབྱངས་ཀྱི་འགྱུར་ཁུགས། བརྣག་ཐོག་ཁབ་ཀྱིས་བཙག་པ་ལྟ་བུའི་ན་ཟུག་གི་ཚོར་འདུ། སློབ་གླིང་གི་འཚོ་བའི་གཟུགས་རིས་སྙན་ཚིག་ངག་གི་མེ་ལོང་དུ་དྲངས་ཏེ་དགེ་སློབ་ཡོངས་ཀྱི་སྙན་དབང་གསོ་བའི་བདུད་རྩི་རུ་གྱེར་བས། སློབ་གླིང་འདིའི་སློབ་གྲོགས་ཡོངས་ལ་སྙན་ངག་ལ་འཇུག་པའི་རྟིང་སྐུལ་དང་གོ་བསྐོན་བློ་འགུག་གི་སློབ་གསོའི་ནུས་པ་མི་དམན་པ་ཐོབ་ཡོད་པ་རེད།

འགྲན་སྡུར་བྱེད་སྒོའི་མཇུག་ཏུ་སློབ་གཙོ་ཞིས་ཧོ་ཅན་དང་བོད་ཡིག་སློབ་དཔྱོད་ཚོགས་པའི་འགན་འཛིན་པ་དགེ་རྒན་བློ་བཟང་ཉི་མ་རྣམ་གཉིས་ཀྱིས་མཇུག་སྡོམ་གཏམ་བཤད་གནང་ཞིང་། རྒན་དཀོན་མཆོག་རྒྱལ་མཚན་ནས <<ལྗང་མྱུག>>དུས་དེབ་བཅུ་གཅིག་པའི་འགྲེམ་སྤེལ་གཙོ་སྐྱོང་བྱས་ཏེ་དུས་དེབ་འདིའི་ངོ་སྤྲོད་དང་སློབ་མ་རྣམས་ལ་རྩོམ་སྐུལ་བྱས་ཡོད།

མདོར་ན་ཐེངས་འདིར་སྙན་ངག་གྱེར་འདོན་གྱིས་གཞུང་བསྲངས། གླུ་གར་སྒྱུ་རྩལ་གྱིས་ཟུར་བརྒྱན། དུས་དེབ་འགྲེམ་སྤེལ་གྱིས་རྟིང་གནོན་པ་གསུམ་གཞི་གཅིག་ཏུ་ཚོགས་པའི་བྱེད་སྒོ་འདི་སྤེལ་བ་བརྒྱུད་ནས་ངེད་སློབ་གྲྭའི་སློབ་མ་རྣམས་ལ་རྒྱལ་ཞེན་རིགས་གཅེས་ཀྱི་བསམ་བློའི་གོ་རྟོགས་སྤེལ་བ་དང་དུས་རབས་ཀྱི་རྟོག་པ་སད་དུ་བཅུག་ཅིང་ཕ་སྐད་མ་ཡིག་གི་བརྩེ་བ་གོང་དུ་སྤེལ་བ། སྒྲ་གཟུགས་སྒྱུ་རྩལ་གྱི་མྱོང་རོལ་གསོས་བཏབ་ཅིང་ཚོགས་པའི་འདུ་ཤེས་ཀྱི་བློ་དཀྱེལ་སྐྱེད་བསྲིང་པ། མཛེས་རྟོག་ཚོར་ཤེས་ཀྱི་བྱང་ཚང་མཐོ་རུ་གཏོང་ཞིང་མི་རིགས་ཁྱད་ཆོས་ཀྱི་རིན་ཐང་སེམས་སུ་ཐེབས་པའི་དགོས་དམིགས་རྩལ་དུ་བཏོན་ནས་ལུས་ངལ་སེམས་ཚེགས་ཀྱི་དཀའ་བ་དང་དུ་བླངས་ཏེ་གོང་སློབ་གྲྭའི་རྒྱབ་སྐྱོར་དང་བར་བོད་ཡིག་དགེ་རྒན་རྣམ་པའི་མཉམ་ལས། འོག་སློབ་མ་རྣམས་ཀྱི་འབད་བརྩོན་བཅས་རྟེན་འབྲེལ་གྱི་གྲྭ་ཟུར་ལེགས་པར་ཚོགས་པའི་ཉེར་ལེན་ལས་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྒྲིལ་ལོ།།