ཉིན་ཤས་གོང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁྲོད་ཤིང་ནགས་རྐུ་གཅོད་བྱ་སྤྱོད་བཅོས་སྒྲིག་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གྱི་སྒྲོག་འགྲེལ་དེ་རི་བོ་ཆེ་རྫོང་ལྕགས་ཟམ་ཁ་ཤང་དུ་སྤེལ་ཞིང་ནགས་རྩྭའི་ཆེད་ལས་ནགས་སྲུང་བ་100ལྷག་ཙམ་གྱིས་སྒྲོག་འགྲེལ་ལ་ཉན་ཡོད།
རི་བོ་ཆེའི་རྫོང་དཔོན་གཞོན་པ་ཚེ་རིང་ནོར་བུས་གོ་བདེ་ཞིང་ཉན་སླ་བའི་སྐད་ཆའི་ཐོག་ནས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྐོར་ནས་སྒྲོག་འགྲེལ་བྱས་པས་མང་ཚོགས་ཀྱི་སེམས་ལ་ཟུག་ཐུབ་པར་བྱས་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་ཞེས་ཐེངས་མང་པོར་གསུངས་ཡོད།དེ་བས་ང་ཚོས་དུས་ཚིགས་འདིར་ནགས་ཚལ་མེ་སྐྱོན་ལ་འགོག་ཟོན་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་ཞིང་། ཚང་མས་སྒྱིད་ལུག་དང་ལྷོད་གཡེང་རྩ་བ་མི་གཏོང་བར་དངོས་ཡོད་བྱ་སྤྱོད་ལ་བརྟེན་ནས་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞི་དྲོན་མོ་སྲུང་སྐྱོབ་ཡག་པོ་བྱེད་དགོས”
སྒྲོག་འགྲེལ་བྱེད་རིང་ཚེ་རིང་ནོར་བུས་མིག་སྔའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་བབ་ཛ་དྲག་དང་འབྲེལ་ནས་ཉེ་འགྲམ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཁྲིམས་འགལ་བྱ་སྤྱོད་ཀྱི་དཔེ་མཚོན་གྱོད་དཔེ་དང་གྱོད་གཞིའི་ཐོག་ནས་ནགས་ཚལ་དང་རྩྭ་ཐང་གི་ཆེད་བསྐོས་ནགས་སྲུང་བར་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་འབྲེལ་ཡོད་བྱེད་ཕྱོགས་དང་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་འབྲེལ་ནགས་ཚལ་དང་རྩྭ་ཐང་གི་ཆེད་བསྐོས་ལས་འགན་སྒྲུབ་མཁན་ལ་བརྟེན་ནས“སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་ཁྱོན་ཡོངས་ནས་འགན་འཁྲི་ཏན་ཏིག་འཁུར་བ་དང་། མེ་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ནགས་ཚལ་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་ཞེས་བཤད་ཡོད།
སྒྲོག་འགྲེལ་མཇུག་འགྲིལ་རྗེས་རི་བོ་ཆེ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ས་གནས་ས་ཐོག་ཏུ་ནགས་རྩྭའི་ཆེད་ལས་ནགས་སྲུང་བར་སྐོར་གཡེང་ཉམས་ལེན་གྱོན་ཆས་དང་། སྐོར་གཡེང་ལྷམ། ནགས་སྲུང་པའི་དཔུང་རྟགས་སོགས་རི་སྐོར་ནགས་སྲུང་གི་སྒྲིག་ཆས་སྤྲད་པ་རེད། ད་ཐེངས་སྒྲིག་ཆས་གསར་བརྗེས་བྱས་པ་དེས་ནགས་སྲུང་བའི་ལས་ཀའི་སྤྲོ་སེམས་སྔར་བས་འཕེལ་ནས་རི་སྐོར་ནགས་གསོའི་འགན་འཁྲི་འཁུར་སེམས་ཆེར་གཏོང་དང་། ནགས་སྲུང་དཔུང་ཁག་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད། ནགས་སྲུང་བའི་དཔུང་ཁག་གི་གཟུགས་བརྙན་བཟང་པོ་གཏོད་པ་བཅས་བྱས་པ་རེད། ནགས་སྲུང་བས་གྱོན་ཆས་གསར་རྐྱང་གྱོན་ནས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་གངས་ལྗོངས་ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།(དཔལ་ཐར་རྒྱལ་གྱིས་བསྒྱུར།)