国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年11月17日

ཀུང་ཧུའེ་ཚའེ་ཡིས་དཔའ་ཤོད་རྫོང་དུ་བརྟག་ཞིབ་གནང་བ།

འདི་ནི་ཀུང་ཧུའེ་ཚའེ་ཡིས་ཀོ་ཆེན་ཤང་རྡོ་སེར་གྲོང་ཚོའི་གྲོང་མི་འཕགས་པ་དང་གླེང་མོལ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་མཚམས་སུ། ཟླ11པའི་ཚེས11ཉིན་ནས་ཚེས14ཉིན་བར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས“གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་བྱ་ཐབས་ནན་ཏན་ངང་ལག་བསྟར་བྱས་ནས་དཔའ་ཤོད་རྫོང་གི་ཀོ་ཆེན་ཤང་དང་། ཐང་དཀར་གྲོང་རྡལ། ཝ་ཤང་། སྐྱ་རི་ཤང་། མཁར་བ་སྦས་ཁྱིམ་ཤང་། གླིང་ཁ་ཤང་། གླ་སྐེ་ཤང་སོགས་གཞི་རིམ་ཤང་གྲོང་དང་། དགོན་སྡེ། ལས་ཡུལ་བཅས་སུ་ཟབ་ཞུགས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན། གྲོང་གསེབ་དར་རྒྱས། མང་ཚོགས་འབབ་འཕར། དགོན་སྡེའི་དོ་དམ། གཞི་རིམ་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་།

ཁོང་གིས་བསྒྲུབ་རྒྱུ་ཨང་དང་པོར་འཇོག་པ་དང་ཏན་ཏིག་རྨང་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དོན་ངོ་མའི་ཐོག་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིའི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཕྲ་བཅས་བྱེད་པ་དང་། དངོས་འཛིན་དངོས་སྒྲུབ་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཀོ་ཆེན་ཤང་རྡོ་སེར་གྲོང་ཚོའི་ཁོད་ཡངས་པའི་སྲང་ལམ་དང་། གྲལ་འགྲིག་པའི་གློག་སྒྲོན། རྒྱ་ཆེ་བའི་ཁང་པ་སོགས་མཛེས་ཤིང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་དེ་ནི་ཤིན་ཏུ་སྡུག་པ་ཞིག་རེད། ཀུང་ཧུའེ་ཚའེ་ཡིས་ཕེབས་ཞོར་དུ་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་མཛེས་སྡུག་ལྡན་ལ་སྡོད་མལ་འཚམ་པའི་གྲོང་ཚོ་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བའི་ཁར། གྲོང་གསེབ་ཐོན་ལས་དང་མང་ཚོགས་ཀྱི་འབབ་འཕར་ལ་ཤེས་རྟོགས། མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ཏེ་དུད་ཚང་གི་གསང་སྤྱོད་གསར་བརྗེ་དང་མི་ཕྱུགས་ལོགས་སུ་དབྱེ་ཚུལ་ལ་ཞིབ་གཟིགས། མང་ཚོགས་དང་སྤེལ་རེས་བྱས་ཏེ་བསམ་འཆར་དང་གྲོས་འགོར་ཞིབ་ཚགས་ངང་གསན་ཞིང་། ཁོང་གིས་མཛེས་ཤིང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་སྐྲུན་རྒྱུ་ནི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་དང་རྨང་གཞི་དེ་ཡིན་པས་མི་དམངས་ལྟེ་བར་འཛིན་པའིའཕེལ་རྒྱས་བསམ་བློ་མཐའ་འཁྱོངས་ཀྱིས་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་མི་ཕྱུགས་ལོགས་སུ་དབྱེ་བ་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ནས་གྲོང་གསེབ་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ཁུངས་རང་སྤུས་འཕེལ་རྒྱས་ཀྱི་ཁྱད་ལྡན་ཐོན་ལས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ཡག་ཏུ་བཏང་སྟེ་དཔེ་སྟོན་གྲོང་ཚོ་དེ་དཔེ་མཚོན་གྲོང་ཚོ་ཞིག་ཏུ་དངོས་སུ་བསྐྲུན་དགོས་ཞེས་བསྟན།

ཐང་དཀར་དགོན་ནི་དཔའ་ཤོད་རྫོང་ཐང་དཀར་གྲོང་རྡལ་དུ་གནས་པ་དང་དགོན་སྡེའི་ནང་རིག་དངོས་སྣ་ཚོགས་ཉར་ཚགས་བྱས་པ་དེ་ནི་བོད་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོ་བྲལ་ཐབས་མེད་པའི་བདེན་དཔང་དངོས་ཤིག་རེད། ཀུང་ཧུའེ་ཚའེ་དེ་གར་ཕེབས་ནས་དགོན་སྡོད་ལས་བྱེད་པ་དང་དགོན་སྡེའི་གྲྭ་བཙུན་བཅས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་དགོན་སྡེའི་ལས་ཀའི་གནས་ཚུལ་ལ་ནན་ཏན་ངང་གསན་ཞིང་། ཁོང་གིས་རིག་དངོས་འདི་དག་ལ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་འཁོད་ཡོད་པས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་རེད། རྒྱ་ཆེའི་དགོན་སྡོད་ལས་བྱེད་པས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། སློབ་གསོའི་ཞབས་ཞུའི་དོ་དམ་འགན་འཁྲི་ནན་ཏན་ངང་སྒྲུབ་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། དགོན་སྡེའི་མེ་ཟོན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་རིག་དངོས་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཀྱིས་བསྐྲུན་འགན་འཁུར་བའི་ཁྲོན་བོད་ལྕགས་ལམ(ཆབ་མདོའི་དུམ་བུ)རྣམ་གྲངས་འཛུགས་སྐྲུན་བྱ་ཚུལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་ཞིང་། ཁོང་གིས་ཆབ་མདོ་གྲོང་ཁྱེར་གྱིས“བྱེད་མི་ཐུབ་པ་གསུམ་པོའི”རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་ཁོར་ཡུག་མུ་མཐུད་ལེགས་གཏོང་དང་ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུར་འགན་ལེན་བྱེད་པ་དང་། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་བདེ་བླག་ངང་ཨར་ལས་བྱེད་པར་རོགས་རམ་ཅི་ཐུབ་བྱས་ནས་མཐུན་སྒྲིལ་གྱི་ལམ་བུ་དང་བདེ་སྐྱིད་ཀྱི་ལམ་བུ་ཐུན་མོང་ཐོག་གཏོད་རྒྱུ་ཡིན་ཞེས་ནན་བཤད་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་ཀྱག་ཀྱོག་གི་ལམ་བུ་དང་ཉིན་མཚན་གྱི་དཀའ་སྡུག་ལ་མ་འཛེམས་པར་སྔ་རྗེས་སུ་ཀོ་ཆེན་ཤང་དང་། ཐང་དཀར་གྲོང་རྡལ། ཝ་ཤང་། སྐྱ་རི་ཤང་། མཁར་བ་སྦས་ཁྱིམ་ཤང་། གླིང་ཁ་ཤང་། གླ་སྐེ་ཤང་སོགས་སུ་ཕེབས་ཏེ་གཞི་རིམ་ལས་བྱེད་པ་དང་སྤེལ་རེས་བཞུགས་མོལ་གནང་ཞིང་། ཁོང་གིས་ཤང་དང་གྲོང་རྡལ་གྱིས་ཏང་གི་བྱེད་ཕྱོགས་སྲིད་ཇུས་ཀྱི“མཐའ་མའི་སྤྱི་ལེ་གཅིག”ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པས། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་དམངས་འཚོའི་དོན་དངོས་རེ་རེ་ཏན་ཏིག་ངང་སྒྲུབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་གང་ལེགས་བྱས་ཏེ“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་དང་དུས་ལྟར་དོན་འཁྱོལ་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་གཏོང་དགོས། ཞིང་འབྲོག་མང་ཚོགས་ཀྱི་གནད་སྨིན་ཅན་གྱི་ངལ་རྩོལ་རྩལ་ནུས་སྦྱོང་བརྡར་དང་རྩ་འཛུགས་ཅན་གྱི་ངལ་ནུས་ཕྱིར་གཏོང་གི་ལས་དོན་ཏན་ཏིག་སྤེལ་ནས་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ཧུར་ཐག་བྱས་ཏེ“དགུན་དལ”དེ“དགུན་བྲེལ”བསྒྱུར་ཏེ་གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཟམ་མི་ཆད་པར་མང་དུ་གཏོང་དགོས། མང་ཚོགས་ཀྱིས་དུས་ཚིགས་དམ་འཛིན་བྱས་ནས་ཕྱུགས་རིགས་བཤས་གཏོང་ཤུགས་ཆེ་རུ་བཏང་སྟེ་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཟམ་མི་ཆད་པར་མང་དུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས།མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ནུས་ལྡན་བརྒྱབ་ནས་མང་ཚོགས་ཀྱི་འདུ་ཤེས་ལེགས་སྒྱུར་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བར་དམིགས་དགོས། གཞི་རིམ་གྱི་བཅོས་སྐྱོང་ནུས་ལྡན་ངང་གཏིང་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་ད་དུང་དཔའ་ཤོད་རྫོང་ཨུད་དང་སྲིད་གཞུང་གི་ཚན་པའི་ཁོངས་མི་དང་གླེང་མོལ་གནང་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཅ་ཤིན་ཡུས་ཀྱིས་མཉམ་དུ་བརྟག་ཞིབ་ནང་ཞུགས་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར།)