འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དམངས་ཡོངས་ལུས་སྦྱོང་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། མི་དམངས་ཀྱི་གཟུགས་པོ་ཐང་དུ་གཏོང་བ། མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ། ལུས་རྩལ་ལ་མཐོང་ཆེན་བྱེད་པ། ལུས་རྩལ་ལ་རྒྱབ་སྐྱོར་དང་ལུས་རྩལ་ནང་ཞུགས་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཟླ་11ཚེས་4ཉིན་གྱི་སྔ་དྲོར། 2023ལོའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་རི་ཁུལ་རྐང་འཁོར་ཡོངས་བསྒྲགས་འགྲན་བསྡུར་སྐབས་དང་པོ་དེ་ཆབ་མདོ་གྲོང་ཁྱེར་གྱི་ཇ་རྟའི་ཐང་ཆེན་དུ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་འགྲན་བསྡུར་དེ་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་སྤྱི་བདེ་ཅུས་དང་། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་། གྲོང་ཨུད་དྲིལ་བསྒྲགས་པུའུ། གྲོང་ཁྱེར་རིག་གནས(རིག་དངོས)ཅུས། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཨུད་ལྷན་ཚོགས། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས། གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ཅུས། ཁ་རུབ་ཆུས་ཚོང་དོན་ཅུས། རུ་བཞི་ཤང་མི་དམངས་སྲིད་གཞུང་། རི་དུང་ཤང་མི་དམངས་སྲིད་གཞུང་བཅས་ཀྱིས་གཞོགས་འདེགས་བྱས་པ་རེད།
འགྲན་བསྡུར་དེ་རུ་བཞི་ཤང་གི་རུ་བཞི་གྲོང་ཚོའི་ཟམ་ཆེན་ནས་ཐོན་ཏེ་རྫ་ཆུའི་གཡོན་ངོགས་བརྒྱུད་དེ་མདུན་སྐྱོད་བྱེད་པ་དང་ལམ་བར་རི་དུང་སྨན་རྩིས་ཁང་སོགས་བརྒྱུད་གོ་ཕུག་མཛེས་ལྗོངས་ཁུལ་དུ་སླེབས་ཀྱི་ཡོད་པ་རེད།
ཟླ་11ཚེས་5ཉིན་མཇུག་འགྲིལ་བའི་2023ལོའི་ཆབ་མདོ་གྲོང་ཁྱེར་གྱི་རི་ཁུལ་རྐང་འཁོར་ཡོངས་བསྒྲགས་འགྲན་བསྡུར་སྐབས་དང་པོའི་ནང་པེ་ཅིང་དང་། ཀན་སུའུ། སི་ཁྲོན་བཅས་དང་དེ་བཞིན་གཞིས་རྩེ་དང་། ནག་ཆུ། ལྷ་ས་སོགས་ས་ཁུལ་གྱི་ཀྱི་ལྫོངས་ཕྱི་ནང་གི་ལས་ཞོར་རྐང་འཁོར་ལ་དགའ་མཁན་མི་80ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་དང་འགྲན་བསྡུར་ནང་ཚོགས་ཆུང་ལྔ་བཙུགས་ཡོད་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་34ཡོད་པའི་ནང་40%ནི་གཞུང་ལམ་བཏིང་མེད་པའི་ལམ་ངོས་ཡིན་པ་དེ་ནི་འགྲན་སློང་རང་བཞིན་གྱི་རྣམ་གྲངས་ཤིག་རེད།
མཇུག་མཐར་པེ་ཅིང་GDRརྐང་འཁོར་རུ་ཁག་ནས་ཡོང་བའི་ཧོང་ཧྲི་ཧའེ་ལ་སྐྱེས་པའི་ཕུལ་བྱུང་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་། བོད་ལྗོངས་ཨེ་ཤེ་ཡ་རྐང་འཁོར་རུ་ཁག་རྒྱལ་མཚན་ནོར་བུར་ཨང་གཉིས་པ་དང་པེ་ཅིང་GDRརྐང་འཁོར་རུ་ཁག་གི་ལེའང་ཧྲི་ཀྲུང་ཨང་གསུམ་པར་ཐོབ་ཡོད་པ་རེད། བུད་མེད་ཀྱི་འགྲན་བསྡུར་ནང་མེ་ལི་ཏ་འགྲན་སློང་མཁན་རླངས་འཁོར་རུ་ཁག་གི་སུང་ཧན་པིན་གྱིས་ཨང་དང་པོ་བླངས་པ་དང་། ལྷ་སའི་རུ་མི་རྒན་གྲས་པད་མ་དབྱངས་སྐྱིད་ཀྱིས་ཨང་གཉིས་པ་བླངས་པ། ལི་ཞུའེ་ཡིས་ཨང་གསུམ་པ་བླངས་པ་རེད། བོད་ལྗོངས་གཡག་རྐང་འཁོར་རུ་ཁག་གི་ཟླ་བ་འབྲུག་གྲགས་ཀྱིས་ཨང་དང་པོ་བླངས་པ་དང་། ལྷ་སའི་གྲོགས་པོ་རྐང་འཁོར་རུ་ཁག་གི་ཚེ་བརྟན་གྱིས་ཨང་གཉིས་པ་བླངས་པ། བོད་གཡག་རྐང་འཁོར་རུ་ཁག་གི་ཆུང་བདག་གིས་ཨང་གསུམ་པ་བླངས་ཡོད་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནང་ད་དུང་ས་གནས་དེ་གའི་རྐང་འཁོར་བཞོན་རྒྱུར་དགའ་མཁན་ཚོར་ཆབ་མདོ་ནས་ཡིན་པའི་ལྕག་སྐུལ་བྱ་དགའ་ཆེད་མངགས་བཀོད་སྒྲིག་བྱས་པ་དང་། རྒྱལ་མཚན་ནོར་བུ་དང་། ཡི་ཤེས་རྣམ་རྒྱལ། ཝང་ཡུན་ཧྥེ་བཅས་གསུམ་ལ་ཆབ་མདོ་ནས་ཡིན་པའི་སྐྱེས་པའི་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ་པ་དང་། ཝང་ཡུས་ཧའོ་དང་། ཀྲུང་ཧྲུའུ་མིན། སྒྲོལ་མ་བཅས་ལ་ཆབ་མདོ་ནས་ཡིན་པའི་བུད་མེད་ཨང་དང་པོ་དང་གཉིས་པ། གསུམ་པ་བར་ཐོབ་པ་རེད།

