国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月27日

ཆབ་མདོ་གྲོང་ཁྱེར་རིམ་གཉིས་མི་དམངས་ཁྲིམས་ཁང་གིས།

ཐབས་ཇུས་གནད་འཁེལ་འདོན་པ་དང་ཕན་འབྲས་དངོས་ཐོན་པར་བྱས་ནས་འདྲི་གཅོད་ལས་དོན་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་རིམ་གཉིས་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང་། ནུས་ཤུགས་ཡོད་རྒུས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ། ཆབ་སྲིད་འཛུགས་སྐྱོང་དང་། ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་། འདྲི་གཅོད་ལག་བསྟར་ལ་དམ་འཛིན། ཁྲིམས་འཛིན་སྒྱུར་བཅོས་གཏིང་ཟབ་བཅས་ལ་དམིགས་ཏེ། མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་འདྲི་གཅོད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་པ་རེད།

ཕྱོགས་ཡོངས་ནས་ཁྲིམས་ཁང་ནན་པོས་སྐྱོང་བར་དམིགས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཁྲིམས་ཁང་ཧུར་ཐག་བསྐྲུན་ཞིང་། ལམ་ལུགས་དང་སྒྲིག་སྲོལ་ལ་བརྟེན་ནས་ཉེན་རྟོག་པ་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་གཟའ་འཁོར་རེར་ཞིབ་བཤེར་དང་། ཟླ་རེར་སྙན་སེང་ཞུ་བ། དུས་ཚིགས་རེར་དཔྱད་ཞིབ་བཅས་ཀྱི་ལམ་ལུགས་ནན་དུ་གཏོང་བ་དང་། ལས་བྱེད་ཉེན་རྟོག་པའི་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་དུས་ཐོག་ཏུ་སྒྲིག་ཁྲིམས་ཀྱི་འདྲི་རྩད་བྱ་རྒྱུར་ཕུལ་བ་དང་། ཁྲིམས་འཛིན་གྱི་མངོན་གསལ་དོད་པའི་སྤྱོད་ཚུལ་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས“བྱེད་མི་ཆོག་པ་བཅུ”སེམས་ལ་ཟུག་པར་སྐུལ་འདེད་བཏང་སྟེ། རིམ་གཉིས་མི་དམངས་ཁྲིམས་ཁང་གིས“གཏན་འབེབས་དོན་ཚན་གསུམ”གྱི་ནང་དོན་ཁྱོན་བསྡོམས་360ལྷག་ཙམ་གྱི་རེའུ་མིག་བརྒྱངས་པ་རེད།

འདྲི་གཅོད་ལག་བསྟར་གྱི་གཙོ་འགན་གཙོ་ལས་ལ་དམིགས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ཞབས་ཞུར་བརྟེན་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱས་ཤིང་། གྲོང་ཁྱེར་ཞིབ་དཔྱོད་ཁང་དང་མཉམ་དུ《དྲག་ཤུགས་ཀྱིས་བྱས་ཉེས་ཚབས་ཆེན་བསགས་པའི་གྱོད་གཞིར་ཞིབ་གཅོད་ནན་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས་མི་བསད་པའི་གྱོད་གཞིའི་བདག་ཁོངས་དང་བྱས་ཉེས་ཚད་འབེབས་སོགས་ཀྱི་ལས་དོན་གཅིག་གྱུར་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས《དམངས་གཉེར་ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞིབ་འཇུག་བྱས་ནས་བཟོས་ཏེ་ཤེས་བྱའི་ཐོན་དབང་གི་གྱོད་གཞི་དང་། དེ་བཞིན་དམངས་དོན་དང་། ཉེས་དོན། སྲིད་འཛིན་བཅས་ཀྱི་གྱོད་གཞི“གསུམ་སྒྲིལ”འདྲི་གཅོད་ཚོགས་པ་བཙུགས་ནས་དམངས་གཉེར་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་འགན་ལེན་དང་ཞབས་འདེགས་ཞུས་པ། “ཕུང་གསོག་ཐེབས་པའི་གྱོད་གཞི་གཙང་སེལ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི”ཆེད་དོན་ལག་བསྟར་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། དུས་བགོས་ཅན་དང་། ཞིབ་བསྡུས་ཅན། ཆེད་ལས་ཅན་བཅས་ཀྱི་གྱོད་སྒྲུབ་ཚོགས་པ་གསར་པ་བཙུགས་ཏེ། ལག་བསྟར་ལས་དོན་རིགས་དང་ཞིབ་ལས་ཅན་གྱི་དོ་དམ་མངོན་འགྱུར་བྱས་པ་དང་། དུས་ཡུན་རིང་པོར་མཇུག་སྒྲིལ་མ་ཐུབ་པའི་གྱོད་དོན་30ལ་གཙང་བཤེར་བྱས་ཡོད།