འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་20ཉིན་ངེད་གྲོང་ཁྱེར་གྱིས“མཛེས་སྡུག་དང་ཤེས་དཔལ་ལྡན་པའི་ཆབ་མདོ་གཏོད་པར་ཁྱེད་དང་ང་གཉིས་མཉམ་དུ་འབད་”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་དང་བླངས་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་གཞུང་དང་སྡེ་ཁུལ་དུ་བསྐྱོད་དེ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་གྲོང་ཁྱེར་ཉིད་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།
ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་གཡེ་སྟོད་མེ་ཏོག་སྡེ་ཁུལ་དུ་སྒྲོག་འགྲེལ་པས་གྲོང་མིར་ངོ་ཐུག་གདོང་འཕྲད་ཀྱིས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་ངང་རྒྱུད་རིང་པོས་དོན་དངོས་ཀྱི་བླང་བྱ་ཞིབ་ཕྲའི་ངང་འགྲེལ་བཤད་བྱས་ཏེ་གྲོང་མིར་ཀུན་སྤྱོད་ཀྱི་ཚད་གཞི་བརྩི་སྲུང་ཞུས་ནས་ཁོངས་གཏོགས་ཁུལ་གྱི་སྤྱི་པའི་ཤེས་དཔལ་དང་། འགྲིམ་འགྲུལ་ཤེས་དཔལ། གྲོང་ཁྱེར་གྱི་རྣམ་པ་བཅས་ཀྱི་ཁོར་ཡུག་གཏོད་པའི་ནང་རང་འགུལ་ངང་ཞུགས་རྒྱུའི་འབོད་སྐུལ་བྱས་པ། ཁོངས་གཏོགས་ཁུལ་གྱི་གྲོང་མིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་དོན་སྙིང་ལ་ངོས་འཛིན་བྱེད་ཚད་ཟབ་ཏུ་བཏང་སྟེ། མང་ཚོགས་ཀྱིས་གསར་གཏོད་ལས་དོན་ཤེས་རྟོགས་ཐུབ་ཚད་དང་། རྒྱབ་སྐྱོར་ཐུབ་ཚད། ཞུགས་ཚད་བཅས་ཆེ་རུ་བཏང་ནས་དམངས་ཡོངས་ཞུགས་པ་དང་ཐུན་མོང་ཐོག་ཤེས་དཔལ་གཏོད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུར་རོགས་རམ་བྱས་ནས་གྲོང་མིའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་དཔལ་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཆབ་མདོའི་སྡེ་ཚན་ཁག་གི་དང་བླངས་པས་ཡ་རབས་འགྲིམ་འགྲུལ་གྱི་ཁ་ཏ་སློབ་སྟོན་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་བྱ་སྤྱོད་ངོ་མའི་ཐོག་ནས་ཤེས་དཔལ་བརྒྱུད་སྤྲོད་བྱས་པ་རེད། འགྲོ་ལམ་གཙོ་བོ་ཁག་གི་སྣོལ་ས་ནས་རྒྱུན་དུ་དང་བླངས་ཞབས་ཞུ་དང་གྱོན་གོས་དམར་པོ་དང་བླངས་པ་མཐོང་རྒྱུ་ཡོད་པ་དང་། ཁོང་ཚོས་ངང་རྒྱུད་རིང་པོས་རྐང་ཐང་དང་རྐང་འཁོར་བཞོན་དུས་ཡང་དག་འགྲོ་ལམ་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་བྱས་ནས་ཚང་མས་རང་རྟོགས་ངང་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་རེད།
རྫོགས་ལྡན་གྲོང་ཁུལ་དུ་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱི་དང་བླངས་པས་ཕྱགས་མ་དང་ཁུག་མ་སོགས་ལག་ཆ་ཁྱེར་ནས་མི་འགྲོ་སའི་སྟེང་གི་དུ་རོ་དང་། ཤོག་སྙིགས། འབྲས་ཤུན་སོགས་གད་སྙིགས་གཙང་སེལ་བྱས་པ། ལྗང་འགྱུར་ཁུལ་ནང་གི་འགྱིག་ཤོག་དང་ཤོག་རོ་སོགས་སྒྲུག་ནས་ནན་ཏན་གྱིས་ལམ་ཟུར་གཉིས་ཀྱི་འཕྲོད་བསྟེན་ཁུག་མར་གཙང་སེལ་བྱས་བཞིན་མཆིས།