国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月24日

ཆབ་མདོ་གྲོང་ཁྱེར་གྱི་“གཙང་གསུམ”བོད་ཀྱི་གསོ་བ་རིག་པ་སྤེལ་རེས་ཚོགས་འདུ་སྐབས་བཞི་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་སྤེལ་གསལ། ཟླ་10ཚེས་21ཉིན་གྱི་སྔ་དྲོ། གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་སྨན་རྩིས་ཁང་དང་གྲོང་ཁྱེར་བོད་སྨན་སློབ་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི་ཆབ་མདོ་གྲོང་ཁྱེར་གྱི་“གཙང་གསུམ”བོད་ལུགས་གསོ་བ་རིག་པ་སྤེལ་རེས་ཚོགས་འདུ་སྐབས་བཞི་པ་གྲོང་ཁྱེར་སྨན་རྩིས་ཁང་དུ་འཚོགས་པ་རེད། སྐབས་འདིའི་རིག་གཞུང་སྤེལ་རེས་ཚོགས་འདུའི་ཐོག་པེ་ཅིང་དང་། ཐེན་ཅིན། ཧྥའུ་ཅན། ཁྲུང་ཆིན། སི་ཁྲོན་དཀར་མཛེས། མཚོ་སྔོན་ཡུལ་ཤུལ། ཡུན་ནན་བདེ་ཆེན། གཞིས་རྩེ། ཉིང་ཁྲི། ནག་ཆུ་བཅས་དང་དེ་བཞིན་རང་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་100ལྷག་ཙམ་སྤེལ་རེས་ཚོགས་འདུར་གདན་འདྲེན་ཞུས་གནང་བ་རེད།“ད་ཐེངས་ཀྱི་རིག་གཞུང་སྤེལ་རེས་ཚོགས་འདུ་ནི་བོད་ལུགས་གསོ་བ་རིག་པ་དང་ནད་ཐོག་སྨན་བཅོས་སྤེལ་རེས་ཀྱི་སྟེགས་བུ་ཙམ་མ་ཡིན་པ། ད་དུང་ཕན་ཚུན་རིག་གཞུང་གི་ཉམས་མྱོང་སྤེལ་རེས་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྒྱུན་འཛིན་པའི་ཚན་རིག་གི་ཆུ་ཚད་ཀྱང་མཐོ་རུ་གཏོང་རྒྱུ་དེ་རེད། གྲོང་ཁྱེར་སྨན་རྩིས་ཁང་སྙིང་རྩའི་ཁོའོ་ཡི་ཀྲུའུ་རེན་གཞོན་པ་བསམ་དགའ་བསྟན་འཛིན་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་རིག་གཞུང་འཕེལ་རྒྱས་དེ་བས་རྒྱ་ཆེ་དང་དེ་བས་ལེགས་སུ་འགྲོ་རྒྱུ་དང་མི་དམངས་ཀྱི་བདེ་ཐང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད”ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་བོད་ལུགས་གསོ་བ་རིག་པ་སྤེལ་རེས་ཚོགས་འདུའི་དུས་ཡུན་ཉིན་གསུམ་ཡིན་པ་དང་། རིགས་གཅིག་མཁས་ཅན་རྣམ་གྱིས《གཅིན་སྙིའི་རྐང་པ་སྨུག་པོའི“ཕྱོགས་ལྔ་གཞི་གཅིག”གི་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ཕྱོགས་བསྡུས་སྨན་བཅོས》དང་།《ཆབ་མདོའི་བོད་ལུགས་གསོ་རིག་རིག་གཞུང་གི་ལེགས་ཆ་མངོན་གསལ་དོད་པ་རགས་ཙམ་གླེང་བ།》《ས་མཐོའི་གསོ་རླུང་ཉུང་བའི་ཁོར་ཡུག་འོག་གི་ཏོག་གསར་གློ་ནད་ནད་ཐོག་སྨན་བཅོས་ཀྱི་ཁྱད་ཆོས་དང་དེ་བཞིན་བོད་ལུགས་གསོ་རིག་དང་བོད་སྨན་གྱི་བེད་སྤྱོད》སོགས་སྤེལ་རེས་ནང་དོན་འཁྱེར་ཡོད་པ་རེད། བྱེད་སྒོ་སྤེལ་རིང་ད་དུང་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་གླིང་དུ་ལྟ་སྐོར་བྱས་པ་དང་། གྲོང་ཁྱེར་གྱི་ཚོགས་ཞུགས་འཐུས་མིས་བོད་སྨན་གྱི་སྨན་རྒྱུ་དབྱེ་འབྱེད་འགྲན་བསྡུར་སོགས་བྱ་རྒྱུ་ཡིན་པ་རེད།