འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས20ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་ནས་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྤྱིའི་བཀོད་སྒྲིག་དང་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་བསྐྱར་སྒྲིག་དང་མཉམ་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གཞུང་ཁོངས་ཁེ་ལས་ཚད་ལྡན་གཉེར་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་སྒོ་ཀུན་ནས་བསྐྲུན་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་གྲོང་སྤྱི་གཞོན་པ་ལིག་ཀའོ་ཅན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའུ་ཀྲང་ལི་པིན་གྱིས་ཆབ་མདོ་གྲོང་ཁྱེར་གྱི་གཞུང་ཁོངས་ཁེ་ལས་ཆེ་གྲས་ལྔའི་ཚོགས་པ་ཀུང་སིའི་འགོ་ཁྲིད་ཚན་པའི་བསྐོ་གཞག་གཏན་འབེབས་སྒྲོག་སྦྱངས་བྱས་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལྟ་ཞིབ་ཨུ་ལྷན་གྱི་ལས་ཚབ་ཀྲུའུ་རེན་བཅས་ཡིན་པའི་ཝང་ཧྲི་ཡུས་ཀྱིས་གཞུང་ཁོངས་ཁེ་ལས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་བཏོན་ཡོད། གྲོང་ཁྱེར་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་ཆབ་མདོ་གྲོང་ཁྱེར་གཞུང་ཁོངས་ཁེ་ལས་ཆེ་གྲས་ལྔའི་ཚོགས་པ་ཀུང་སིའི་གསར་དུ་བསྐོས་པའི་འགན་འཁུར་བློ་མཐུན་གཙོ་བོས་གཏམ་བཤད་གནང་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་ཆིས་དབྱིན་ཧའེ་དང་། རྡོ་རྗེ་དགྲ་འདུལ། ཝུའུ་དབྱིན་ཧའེ། ཅཱ་ཤིན་ཡུས། ལིའུ་ཝུན་ཏུ། ཀའོ་ཞུའེ་ཝུན། ཝུའུ་ཅན་སོགས་ཚོགས་འདུར་ཞུགས་ཡོད།
ཀུང་ཧུའེ་ཚའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་མཛུབ་ཁྲིད་ཤུགས་ཆེན་བཅས་ཀྱི་འོག་གྲོང་ཨུད་ཀྱིས་ཏང་གིས་གཞུང་ཁོངས་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་རང་སྐྱོང་ལྗོངས་ཀྱི《ལྗོངས་ཁོངས་གཏོགས་ཀྱི་གཞུང་ཁོངས་རྒྱུ་ནོར་གྱི་ལོ་གསུམ་བྱ་སྤྱོད་ལག་བསྟར་ཇུས་གཞི》དང《རང་སྐྱོང་ལྗོངས་གཞུང་ཁོངས་ཁེ་ལས་ཀྱི་གཉེར་སྐྱོང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》གཞིར་བཟུང་། ཆབ་མདོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཇུས་གཞི་དང་བྱ་ཐབས་བཟོས་པ་དང་། ཐོན་ལས་གོང་འཕེལ་གྱི་ཁ་ཕྱོགས་ལ་དམིགས་ནས་ཚོགས་པ་ཀུང་སི་ཆེ་བ་ལྔ་བཙུགས་པ་དང་། ཐོན་ལས་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། ལོ་རྒྱུས་ཀྱི་གནད་དོན་རིམ་བཞིན་ཐག་གཅོད་བྱུང་བ། ཀུང་སི་བཅོས་སྐྱོང་སྔར་བས་ཚད་ལྡན་དང་གཞུང་ཁོངས་ཁེ་ལས་གོང་འཕེལ་ལ་ཕན་འབྲས་གསར་པ་ཐོབ་ཡོད་ཅེས་བསྟན་ཡོད།
ཀུང་ཧུའེ་ཚའེ་ཡིས་གཅིག་ནི་ཐོན་ལས་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ་བསྐྱར་སྒྲིག་དང་མཉམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ནི་གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་ཏེ་གཅོང་གནད་ཀྱི་ནད་གཞི་བསལ་ནས་ནང་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་བཅོས་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གཉེར་སྐྱོང་བྱེད་ཤུགས་ཚད་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། བཞི་ནས་ཁྲོམ་རའི་སྟོན་ཕྱོགས་ལ་སྣང་ཆེན་བྱས་ནས་དྲང་གཞག་འགྲན་རྩོད་ཀྱི་གསོན་ཤུགས་འཕེལ་བར་སྐུལ་འདེད་གཏོང་དགོས། ལྔ་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། དྲུག་ནས་རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་འགན་འཁྲིའི་ནུས་པ་དམ་ནན་དུ་གཏོང་དགོས་པའི་ནན་བཤད་གནང་ཡོད།