ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས། བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་། སྤྱི་ཚོགས་ཞི་མཐུན། ཁྲིམས་སྐྱོང་འཛུགས་སྐྱོང་བཅས་ལ་དམིགས་ཏེ། འདྲི་གཅོད་ཀྱི་འགན་ནུས་གང་ལེགས་བཏོན་པ་དང་ཁྲིམས་འཛིན་ལ་བརྟེན་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། བུད་མེད་དང་བྱིས་པའི་ཁྲིམས་འཛིན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།
བུད་མེད་དང་བྱིས་པའི་ཆེད་ལས་འདྲི་གཅོད་ཚོགས་པ་བཙུགས་ཤིང་། ན་ཆུང་ཁྲིམས་རའི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བུད་མེད་དང་བྱིས་པའི་གྱོད་གཞིའི་ཆེད་ལས་འདྲི་གཅོད་ཚོགས་པ་བཙུགས་པ་དང་། ན་ཆུང་ཁྲིམས་ར(མཉམ་གྲོས་ཁྲིམས་ར་ཚུད་པ)12དང་གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་གནས་12བཙུགས་ཏེ། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོའི་འཇོན་ཐང་ཆེ་བ། ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་ཀྱི་ཁྱད་ཆོས་ལ་རྒྱུས་མངའ་ཆེ་བ། ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་དགའ་ཞེན་ཆེ་བ། བུད་མེད་དང་བྱིས་པའི་བསམ་བློའི་སློབ་གསོའི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ཁྲིམས་དཔོན་44དང་། ཁྲིམས་དཔོན་གྱི་ལས་རོགས་14 ཁྲིམས་རའི་དྲུང་ཡིག་18བཅས་བཀོད་སྒྲིག་བྱས་ནས་བུད་མེད་དང་བྱིས་པ་དང་འབྲེལ་བ་ཡོད་པའི་ཉེས་དོན་དང་དམངས་དོན་སོགས་གྱོད་གཞིའི་རྩོད་གཞི་དུས་ཐོག་དང་། ནུས་ཆེ། སྤུས་ལེགས་བཅས་ཀྱི་སྒོ་ནས་ཞིབ་གཅོད་ཡག་པོ་བྱས་པ་རེད།
བུད་མེད་དང་བྱིས་པའི་ཁྲིམས་འཛིན་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ཤིང་།
《བུད་མེད་དང་བྱིས་པའི་ཁེ་དབང་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་ལམ་སྲོལ》དང《ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱའི་ལག་བསྟར་ཞིབ་སྲོལ》སོགས་ཞིབ་འཇུག་བྱས་ནས་བཟོས་ཏེ། སྤྱི་བདེ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་དང་བུད་མེད་དང་བྱིས་པའི་ཁེ་དབང་ལ་ཤུགས་རྐྱེན་བཟོ་བའི་གྱོད་གཞི་དུས་ཐོག་ཏུ་འབྲེལ་མཐུད་ཀྱིས་ཐག་གཅོད་བྱས་པ་རེད། ཁྱིམ་ཚང་གི་གཏུམ་སྤྱོད་གྱོད་གཞི་མགྱོགས་མྱུར་དང་ལེན་བྱེད་པའི་ལམ་སྲོལ་བཙུགས་ཏེ། ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་ནས་མི་དམངས་ཁྲིམས་ཁང་ལ་མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་རྒྱ་རེ་འདུན་ཞུས་པའི་གྱོད་གཞིར་དུས་ཐོག་ཏུ་ཁྲུན་ཐག་བཅད་པ་དང་བསྐྱལ་བ་མ་ཟད། བཅའ་སྡོད་བྱ་ཡུལ་སྤྱི་བདེ་ལས་ཁུངས་དང་འབྲེལ་གཏུག་བྱས་ནས་དོ་ཁུར་ཆེན་པོ་བྱས་པ་རེད། བུད་མེད་དང་བྱིས་པའི་རོགས་སྐྱོར་ལམ་སྲོལ་བཙུགས་ནས་འཚོ་བའི་ཐད་དཀའ་ངལ་ཡོད་པའི་བུད་མེད་དང་བྱིས་པར་རང་འགུལ་ངང་ཁྲིམས་འཛིན་རོགས་སྐྱོབ་སྒོར་ཁྲི་6.7ལྷག་ཙམ་རེ་འདུན་ཞུ་རོགས་བྱས་པ་རེད།
བུད་མེད་དང་བྱིས་པའི་གྱོད་དོན་སྣ་ཚོགས་ལ་ཁྲིམས་ལྟར་འདྲི་གཅོད་བྱས་ཤིང་། “སློབ་གསོ་དང་། བློ་འགུགས། སྐྱོབ་ཐབས”བཅས་ཀྱི་བྱེད་ཕྱོགས་དང“སློབ་གསོ་གཙོ་བོར་འཛིན་པ་དང་ཉེས་ཆད་ཕལ་པར་འཛིན་པའི”རྩ་དོན་ལག་བསྟར་མཐའ་འཁྱོངས་བྱས་ཏེ། ན་སོ་དར་ལ་མ་བབས་པའི་ཞུ་སྦྱོར་ཕྱི་མའི་གྱོད་གཞིའི་ཁྲིམས་རྩོད་པ་ཁྱོན་ཡོངས་ལ་ཁྱབ་པའི་བླང་བྱ་དོན་འཁྱོལ་བྱས་པ་དང་། བུད་མེད་དང་བྱིས་པའི་གྱོད་གཞི་སྣ་ཚོགས་500ལྷག་ཙམ་ལ་ཁྲིམས་ལྟར་ཞིབ་གཅོད་བྱས་པ། ཉེས་ཆད་ཕྱིར་འགྱངས་ཀྱི་ཆ་རྐྱེན་འཛོམས་པའི་ན་སོ་དར་ལ་མ་བབས་པའི་ཞུ་སྦྱོར་ཕྱི་མར་ཉེས་ཆད་འགྱངས་ཐུབ་རིགས་འགྱངས་ནས་ན་སོ་དར་ལ་མ་བབས་པའི་མི་ཐེངས་15ལ་དུས་ཐོག་ཏུ་འཚམས་ལན་དང་རོགས་རམ་བྱས་ཡོད། བཟའ་ཚང་ཁ་བྲལ་གྱི་རྒྱུ་ནོར་བགོ་བཤའ་རྒྱག་པའི་གྱོད་གཞི་ཐག་གཅོད་བྱེད་སྐབས། ཕོ་མོ་ཕྱོགས་གཉིས་པོའི་དཔལ་འབྱོར་དང་ལུས་ཁམས་སོགས་ཀྱི་ཁྱད་པར་ལ་བསམ་གཞིག་གང་ལེགས་བྱས་ཏེ། ཁྱོ་གར་ནོར་འཁྲུལ་ཡོད་པའི་བཟའ་ཚང་ཁ་བྲལ་གྱི་གྱོད་གཞིའི་རིགས་ལ་ཁྲིམས་ལྟར་བུད་མེད་ཀྱི་ལུགས་མཐུན་རེ་འདུན་190ལྷག་ཙམ་ལ་རྒྱབ་སྐྱོར་བྱས་ཡོད། ཕྱོགས་སོ་སོའི་འགལ་རྐྱེན་བསལ་ནས་བཟའ་ཚང་ཁ་བྲལ་གྱི་ཁང་པ་བགོ་བའི་ཐད། ཁྱོ་གར་གནས་སྐབས་སྡོད་སའི་ཁང་པ་མཁོ་འདོན་ནམ་ཡང་ན་དཔལ་འབྱོར་གྱི་རོགས་རམ་བྱེད་དུ་བཅུག་པ་དང་། བུད་མེད་དང་བྱིས་པའི་སྡོད་ཁང་དང་འཚོ་བ་སོགས་ཀྱི་ཆ་རྐྱེན་ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད། ལས་ཀ་མེད་པ་དང་། གཏན་འཇགས་ཀྱི་ཡོང་འབབ་མེད་པ། དཔལ་འབྱོར་གྱི་ཡོང་ཁུངས་མེད་པ་བཅས་ཀྱི་བུད་མེད་ཀྱི་གྱོད་གཞི་ཐག་གཅོད་བྱེད་སྐབས། སྲུང་སྐྱོང་གི་རྩ་དོན་མཚོན་པར་བྱས་ཏེ་ཁྱོ་གས་བུད་མེད་ལ་འཚོ་བའི་ཁ་གསབ་ངེས་ཅན་ཞིག་སྤྲོད་དུ་བཅུག་ཡོད།
བུད་མེད་དང་བྱིས་པའི་གྱོད་གཞི་འདུམ་འགྲིག་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཞུ་གཏུག་བྱེད་མཚམས་འཇོག་པའི་ལས་དོན་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ཕྱོགས་གཉིས་དབར་རྩ་བའི་ཁེ་གྱོང་གི་འགལ་ཟླ་མེད་པ་དང་བརྩེ་དུང་རྦད་དེ་ཉམས་མེད་པའི་རིགས་ལ་བསམ་བློ་ཡག་པོ་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་དང་། ཕྱོགས་གཉིས་པོར་ཁྱོ་ཤུག་ཕན་ཚུན་བསམ་ཤེས་དང་བཟོད་བསྲན་བྱས་ནས་འབྱུང་འགྱུར་གྱི་ཐོན་སྐྱེད་དང་འཚོ་བར་བསམ་གཞིག་བྱེད་དགོས་པའི་ཁྲིད་སྟོན་བྱས་ཏེ། ཁྱིམ་ཚང་གི་འབྲེལ་བའི་གྱོད་གཞི་70ལྷག་ཙམ་འདུམ་འགྲིག་ཡག་པོ་དང་ནུས་ཤུགས་ཡོད་རྒུས་འགལ་ཟླ་དང་གདོང་ཐུག་ཉུང་དུ་བཏང་ནས་ཁྱིམ་ཚང་འཆམ་མཐུན་ཡོང་བར་བྱས་ཡོད། འདུམ་འགྲིག་གི་ལས་དོན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་འཆམ་ཐབས་བྲལ་བའི་བཟའ་ཚང་ཕྱོགས་གཉིས་ཀར་བརྩེ་དུང་དང་བཟའ་ཚང་ཁ་བྲལ་གྱི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་དགོས་པའི་སློབ་གསོ་བཏང་བ་དང་། ཕྱོགས་གཉིས་ཞི་བའི་ངང་ཁ་བྲལ་བའི་གྱོད་གཞི་130ལྷག་ཙམ་ལ་ཐག་གཅོད་བྱས་ནས་བཟའ་ཚང་ཁ་བྲལ་བའི་དབང་གིས་སྤྱི་ཚོགས་བརྟན་ལྷིང་མེད་པའི་གནས་ཚུལ་ཉུང་དུ་བཏང་ཡོད། ཁྲིམས་ལྟར་དུས་ཐོག་ཏུ་ཁྲིམས་གཅོད་བྱས་ཏེ། འཆམ་ཐབས་བྲལ་བ་མ་ཟད་དེ་ལས་ཐོན་པའི་ཁྱིམ་ཚང་གི་གཏུམ་སྤྱོད་གྱོད་གཞིའི་རིགས་ལ་ཁྲིམས་གཅོད་བྱེད་ཐུབ་རིགས་ཁྲིམས་གཅོད་དང་། ཁ་བྲལ་དགོས་རིགས་ཁ་བྲལ་ནས་བུད་མེད་དང་བྱིས་པའི་ལུགས་མཐུན་ཁེ་དབང་དུས་ཐོག་ཏུ་སྲུང་སྐྱོང་བྱས་ཡོད། མི་ལུས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་སྲིད་པའི་གྱོད་གཞིར་ཁྲིམས་ལྟར་མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱ་དང་ཁྱིམ་ཚང་གི་སློབ་གསོའི་བཀའ་རྒྱ་2བཏང་སྟེ། གཏུམ་སྤྱོད་སྤེལ་མཁན་ཟིལ་གྱིས་གནོན་པ་དང་། སློབ་གསོ་གཏོང་བ། ཆད་པ་གཅོད་པ་བཅས་བྱས་ནས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་དུས་ཐོག་ཏུ་སྲུང་སྐྱོང་བྱས་པ་རེད།
བུད་མེད་དང་བྱིས་པའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ལས་དོན་གཏིང་ཟབ་སྤེལ་ཞིང་། ཁྲིམས་འཛིན་འདྲི་གཅོད་འགན་ནུས་སྣུར་སྲིང་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་ཕན་འབྲས་ཆེར་གཏོང་ལ་གཞི་ཚུགས་པ། གྱོད་དཔེ་དངོས་བཅོས་སྒྲིག་ནན་ཏན། ཁྲིམས་སྐྱོང་དྲིལ་བསྒྲགས་བརྙན་ཐུང་འབེབས་ལེན་བཅས་བྱས་པ་དང་ཆབས་ཅིག་སློབ་གྲྭ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁྲིམས་འཛིན་དང་སྡེ་ཁུལ་སོགས་རྩ་འཛུགས་དང་མཉམ་དུ“བཅའ་ཁྲིམས་བདུན་སྤེལ”བྱེད་སྒོ་ཧུར་ཐག་སྤེལ་ནས་དམངས་དོན་ཁྲིམས་གཞུང་དང་། ཉེས་ཁྲིམས། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས། ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་རྒྱ་ཁྱབ་ཐེངས་230ལྷག་ཙམ་བྱས་པ་མ་ཟད། ད་དུང་ལད་ཟློས་ཁྲིམས་ར་ཐེངས་20ལྷག་ཙམ་འཚོགས་ནས་མང་ཚོགས་མི་ཐེངས་ཁྲི་5.8ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། “ཆབ་མདོར་བཅའ་ཁྲིམས་ཁྱབ་གདལ་གཏོང་། ཁྲིམས་དཔོན་གྱིས་ཁྲིམས་ལུགས་འགྲེལ་བཤད་རྒྱག”པའི་བཅའ་ཁྲིམས་ཁྱབ་གདལ་སྤྱི་སྟེགས་དང“མངགས་ཐོའི་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ་བཏང་སྟེ། སྐད་འཕྲིན་དང་། དཔོད་ཕྲན། འཁྱུག་དབྱིངས། དེ་བཞིན“ཁྲིམས་སྐྱོང་གཙང་གསུམ”སོགས་ལས་སྟེགས་སྤྱད་དེ་བུད་མེད་དང་བྱིས་པ་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་ཚན་ཐེངས་150ལྷག་ཙམ་དྲིལ་བསྒྲགས་བྱས་ནས། རང་རྟོགས་ངང་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་བཏོད་དེ་བུད་མེད་དང་བྱིས་པས་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ཉིད་སྲུང་སྐྱོང་བྱེད་ཤེས་པར་བྱས་པ་རེད། ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་ལས་དོན་གཏིང་ཟབ་སྤེལ་ནས་གྲོང་ཁྱེར་དང་རྫོང་རིམ་གཉིས་ཁྲིམས་ཁང་གི་ཁྲིམས་དཔོན་ཁྱོན་16གིས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་17གྱི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་འགན་འཁུར་བ་དང་སྦྲགས། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་བཅའ་ཁྲིམས་བློ་འདྲི་སོགས་ལས་འགན་བསྒྲུབས་ཏེ། གཞོན་ནུ་ལོ་ཆུང་གི་སྐྱོན་བྲལ་འཚར་ལོངས་ལ་གཡས་གཞོགས་གཡོན་འདེགས་ཏན་ཏིག་བྱས་པ་རེད།