国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月24日

ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལས་དོན་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ།

འདི་ནི་ཀུང་ཧུའེ་ཚའེ་ཡིས་འཐབ་ས་དང་པོར་ལས་ཀ་བྱེད་བཞིན་པའི་ཁོར་ཡུག་སྲུང་སྐྱོབ་ལས་དོན་པའི་འཐུས་ཚབ་པར་འཚམས་འདྲི་གནང་བ་དང་ཁ་བཏགས་ཕུལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལས་དོན་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཆབ་མདོའི་མཁར་གྲོང་འཛུགས་སྐྲུན་ཐད་ལ་གནང་བའི་འཕེལ་རྒྱས་ཀྱི་གནས་གཏན་གསར་ཤོས་ལྟར། བརྗོད་དོན་གཙོ་བོའི་སློབ་གསོའི“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་དང་སྟོབས་ཤུགས་ཀྱི་འགག་སྒྲོལ་གཅིག་སྡུད་བཅས་བྱེད་པ་དང་། བྱ་ཐབས་ནུས་ལྡན་དང་སྤྱོད་ཚུལ་དངོས་འཛིན་བཅས་ཀྱི་ཐོག་ནས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཀྱི་ལས་དོན་ཁག་ལ་ཏན་ཏིག་ངང་སྐུལ་འདེད་བཏང་སྟེ་ཆབ་མདོ་འདི་ཉིད་ལྗོངས་ཡོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་དུ་བསྐྲུན་པར་རོགས་སྤེལ་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཝང་ཡ་ཏུང་དང་། ལིའུ་གོ་ཅན། ལིས་པིང་། ཝུའུ་དབྱིང་ཧའེ། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་བཅས་ལྷན་དུ་རྟོག་ཞིབ་ནང་ཞུགས་ཡོད།

བཅིངས་འགྲོལ་ཐང་ཆེན་དུ་ཀུང་ཧུའེ་ཚའེ་ཡིས་འཐབ་ས་དང་པོར་ལས་ཀ་བྱེད་བཞིན་པའི་ཁོར་ཡུག་སྲུང་སྐྱོབ་ལས་དོན་པའི་འཐུས་ཚབ་པར་གཟིགས་པ་དང་འཚམས་འདྲི་གནང་བའི་ཁར། བཀྲ་ཤིས་པའི་མཇལ་དར་ཕུལ་ནས་ཁོ་ཚོའི་གཟུགས་པོ་བདེ་ཐང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོ་ཚོའི་དུས་ཡུན་རིང་པོའི་ཚུན་དུ་མཁར་གྲོང་གཙང་ཞིང་གྲལ་དག་པར་ཡོང་བར་དཀའ་སྤྱད་འབད་བརྩོན་དང་ལྷག་པར་དུ་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་རིང་འབད་པ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཀུང་ཧུའེ་ཚའེ་ཡིས་རྒྱ་ཆེའི་ཁོར་ཡུག་སྲུང་སྐྱོང་ལས་བཟོ་པས་དཀའ་ངལ་ལ་མི་སྐྲག་པ་དང་བཙོག་པོར་མི་སྐྲག་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་སེམས་ནུས་གཅིག་སྒྲིལ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། གཙང་སྦྲ་བྱེད་པའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་རྒྱ་ཆེའི་གྲོང་མི་ཚོར་དྭངས་གཙང་དང་གཙང་སྦྲ་དོད་པའི་འཚོ་བའི་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད། ཀུང་ཧུའེ་ཚའེ་ཡིས་ད་དུང་ཤེས་དཔལ་གྱི་ལེགས་སྐྱེས་ཆེན་པོ་གྲ་སྒྲིག་དང་སྤྲད་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་འབྲེལ་ཡོད་ཚན་པ་ཁག་གིས་ཁྲེང་ཏུའུ་ཡི་ལུས་རྩལ་འགྲན་ཚོགས་ཆེ་མོའི་ལག་རྟགས་སྤྲོད་པའི་ཉམས་མྱོང་ལ་དཔེ་བལྟས་ནས་ཤེས་དཔལ་གྱི་ལེགས་སྐྱེས་ཆེན་པོ་སྤྲོད་པའི་ཁྱབ་ཁྱོན་སྔར་བས་ཆེ་རུ་བཏང་སྟེ“མི་དམངས་ཀྱི་གྲོང་ཁྱེར་སྐྲུན་པ་དང་མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི”གསར་གཏོད་ཀྱི་རྣམ་པ་བཏོད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་གསར་གཏོད་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པའི་བླང་བྱ་བཏོན་ཡོད།

བརྟག་ཞིབ་བྱེད་པའི་ལམ་བར་དུ་ཀུང་ཧུའེ་ཚའེ་ཡིས་ད་དུང་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་ཐད་གཏོགས་ལས་ཤག་དང་དེ་བཞིན་ཁྲུང་ཆིང་ཐེན་ཅིན་གྱི་བོད་སྐྱོར་ལས་ཤག་ལས་གྲྭའི་རྣམ་གྲངས་ཨར་སྐྲུན་བྱ་ཡུལ་དུ་བསྐྱོད་ནས་ལས་ཡུལ་གྱི་ལས་ཀའི་གནས་ཚུལ་དང་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཤེས་རྟོགས་བྱས་པ་རེད། ཁོང་གིས་སྡེ་ཚན་ཁག་གིས་དམིགས་ཚད་ལས་འགན་དང་ཞིབ་བསྡུར་བྱས་ནས་དུས་ཚིགས་ལ་དམ་པོར་དམིགས་པ་དང་ཨར་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས་རྣམ་གྲངས་ཀྱི་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།