国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月24日

ཆབ་མདོ་གྲོང་ཁྱེར་གྱི“བོད་ཤར་གྱི་མཛངས་མིར”གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐབས་དང་པོ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས19ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱི“བོད་ཤར་གྱི་མཛངས་མིར”གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐབས་དང་པོ་འཚོགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་ཆབ་མདོའི་འཕེལ་རྒྱས་དང་བརྟན་ལྷིང་སོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་ཕུལ་བྱུང་གི་ཤེས་ལྡན་མི་སྣར་གཟེངས་བསྟོད་བྱས་ཡོད། ཝང་ཡཱ་ཏུང་གིས་ཚོགས་འདུར་གཙོ་སྐྱོང་ཞུས་པ་དང་། ལིས་གོ་ཅན་དང་། ཆི་དབྱིན་ཧའེ། རྡོ་རྗེ་དགྲ་འདུལ། ཝུའུ་དབྱིན་ཧའེ། ཅ་ཤིན་ཡུས། ཏེང་ཝུན་ཁྲང་བཅས་ཚོགས་འདུར་ཞུགས་པ་དང་། ལི་པིན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་བྱས་ཡོད། ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་གི་ཤེས་ལྡན་མི་སྣར་བྱ་དགའ་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་གི་ཤེས་ལྡན་མི་སྣར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ཏུ་ཡུན་རིང་འབད་འཐབ་བྱེད་བཞིན་པའི་རིམ་པ་ཁག་དང་རིགས་ཁག་གི་ཤེས་ལྡན་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་། གྲོང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཤེས་ལྡན་མི་སྣའི་སྲིད་ཇུས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་། འདེམས་སྒྲུག་བཅས་བྱེད་པ། སེམས་ཤུགས་ཡོད་རྒུས་ཤེས་ལྡན་མི་སྣར་ཞབས་འདེགས་ཞུས་པ་དང་། བོད་ཤར་གྱི་མཛམས་མི་དཔྱད་འདེམས་དང་གཟེངས་བསྟོད་བྱེད་པའི་ལག་བསྟར་ཇུས་གཞི་དང་ཏང་ཨུད་ཀྱིས་རིགས་གཅིག་མཁས་ཅན་ལ་འབྲེལ་གཏུག་གི་ཞབས་ཕྱི་ཞུ་བའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་བཟོས་ཏེ། སློབ་གསོ་དང་སྨན་བཅོས། ཞིང་འབྲོག་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན47གདམ་གསེས་བྱས་ཏེ་ནུབ་རྒྱུད་འོད་པོ་ཆེ་དང་ནུབ་རྒྱུད་དམིགས་བསལ་སྐྱེད་སྲིང་སོགས་ས་གནས་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་གྲངས་ནང་བཅུག་པ་དང་། ལྗོངས་ཕྱི་ནང་གི་ཤེས་ལྡན་མི་སྣ140ནང་འདྲེན་བྱས་ཏེ། ཕྱི་ལ་ཡོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན167སྐུལ་ཁྲིད་ཐུབ་པ་སོགས་གྲོང་ཁྱེར་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་ཞེས་བསྟན།

ཀུང་ཧུའེ་ཚའེ་ཡིས་གཅིག་ནི་ཐབས་མང་མཉམ་སྤྱོད་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། གཉིས་ནི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས། གསུམ་ནི་གསར་གཏོད་ལ་བརྟེན་ནས་ཤེས་ལྡན་པ་བཀོལ་སྤྱོད་བྱེད་དགོས།

བཞི་ནི་བརྩེ་སེམས་བཅངས་ནས་ཤེས་ལྡན་མི་སྣ་ཉར་དགོས་ཞེས་ནན་བཤད་གནང་ཡོད།ཚོགས་འདུའི་ཐོག་ཕུལ་བྱུང་གི་ཁེ་ལས་གཉེར་སྐྱོང་དོ་དམ་གྱི་ཤེས་ལྡན་མི་སྣའི་འཐུས་མི་དང་ཕུལ་བྱུང་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣའི་འཐུས་ཚབ་ཚོས་གཏམ་བཤད་བྱས་ཡོད།

ཚོགས་འདུ་བརྙན་འཕྲིན་ཁ་པར་གྱི་ལམ་ནས་འཚོགས་པ་དང་། གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་དང་རྫོང་ཆུས་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་སྲིད་གཞུང་། སྲིད་གྲོས་བཅས་ཀྱི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་དང་། གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་པའི་འགན་འཁུར་བློ་མཐུན་དང་། གཟེངས་བསྟོད་ཐོབ་པའི་འཐུས་མི། སློབ་གསོ་དང་སྨན་བཅོས། ཞིང་འབྲོག་བཅས་ཀྱི་ཁོངས་གཏོགས་ཀྱི་ཆེད་ལས་མཁས་ཅན་དག་གི་འཐུས་མི་སོགས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད།