འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས16ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་རྣམ་གྲངས་ཀྱི་ས་ཆ་འདེམས་པའི་ལས་དོན་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་འཚོ་བའི་ཞབས་ཞུའི་དགོས་མཁོར་གཞི་ཚུགས་པ་དང་། ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ས་ཆ་འདེམས་པའི་ལས་དོན་ཡག་པོ་སྒྲུབ་རྒྱུར་སྤྱི་འདོམས། ཞིང་ཞོར་ཉོ་ཚོང་ཁྲོམ་རའི་སྤྱིའི་བཀོད་སྒྲིག་ལུགས་མཐུན་ངང་འཆར་འགོད་བྱེད་པ། ཁྲོམ་རའི་ལེ་ལག་ཚང་བའི་སྒྲིག་བཀོད་ཁྱོན་ཡོངས་ནས་འཐུས་ཚང་དུ་གཏོང་བ། ཞིང་ཞོར་ཉོ་ཚོང་ཁྲོམ་རར་ཕན་འབྲས་དངོས་འབྲེལ་ཐོན་རྒྱུ་འགན་ལེན་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་གསར་པ་ཟམ་མི་ཆད་པར་སྐོང་ཐུབ་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་རོགས་རམ་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཀུང་ཧུའེ་ཚའེ་སྔ་རྗེས་སུ་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་སྤོ་ཐོག་གྲོང་ཚོའི་རླངས་འཁོར་ཞིབ་བཤེར་ལྟེ་གནས་དང་། ཕྱེ་འཐག་བཟོ་གྲྭ། ཁ་རུབ་གྲོང་རྡལ་གྱི་ཞིང་ཞོར་ཉོ་ཚོང་ཁྲོམ་ར། ཁྲེང་ཀོན་གྲོང་རྡལ་གཡེར་སྟོད་གྲོང་ཚོ་དང་སྲིབ་མདའ་གྲོང་ཚོ། ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཀུང་ཟི་སོགས་འབྲེལ་ཡོད་ས་ཆ་འདེམས་ཡུལ་དུ་ཕེབས་ཏེ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་དང་། གྲོང་ཁྱེར་ཚོང་དོན་ཅུས། ཁ་རུབ་ཆུས་སོགས་ཚན་པ་ཡིས་ས་ཆ་འདེམས་པའི་འབྲེལ་ཡོད་ལས་དོན་སྐོར་གྱི་སྙན་ཞུ་ལ་གསན་པ་དང་འབྲེལ་ཡོད་ཚན་པ་དང་མཉམ་དུ་འཛུགས་སྐྲུན་ས་ཆ་དང་སྒྲིག་བཀོད་ལེ་ལག་ཚང་བའི་གནད་དོན་ལ་གྲོས་བསྡུར་བྱས་པ་མ་ཟད། རྣམ་གྲངས་འཛུགས་སྐྲུན་དང་ས་ཆ་འདེམས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཞིབ་ཕྲའི་གྲོས་འགོ་བཏོན་གནང་ཡོད།
ཀུང་ཧུའེ་ཚའེ་ཡིས་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ནི་གྲོང་ཁྱེར་གྱི་གཟུགས་བརྙན་ངོམ་སའི་སྐར་ཁུང་གལ་ཆེན་ཞིག་ཡིན་ལ། མང་ཚོགས་ཀྱི“ཤ་ཚལ་སྒོང་གསུམ”དང“འབྲུ་རིགས”དང་འབྲེལ་བ་དམ་ཟབ་ཡོད་པས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོ་ལེགས་སུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། འབྲེལ་ཡོད་ཚན་པ་ཡིས་མང་ཚོགས་ཀྱི་དགོས་མཁོར་གཞི་ཚུགས་པ་དང་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ་ཚད་གཞི་མཐོ་བའི་སྒོ་ནས་ཞིང་ཞོར་ཉོ་ཚོང་ཁྲོམ་ར་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་སྟེ་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་བྱ་བ་བཟང་པོ་ཏན་ཏིག་བསྒྲུབས་ནས་བློ་བདེ་ཞིང་སྟབས་བདེ་བའི“ཤ་ཚལ་སྒོང་གསུམ”དང“འབྲུ་རིགས”འདུ་འགོད་ནུས་ཤུགས་ཡོད་རྒུས་གཏོད་དགོས། ས་གནས་ས་ཐོག་ཏུ་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱས་ཏེ་གྲོང་མིའི་མིག་སྔའི་དགོས་མཁོ་དང་གྲོང་ཁྱེར་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་དགོས་མཁོར་ལྟར་ཞིང་ཞོར་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་བྱ་ཡུལ་ལུགས་མཐུན་ངང་བདམས་ཏེ་དམངས་འཚོའི་ཞན་ཆ་གསབ་ནས་ཞིང་ཞོར་ཉོ་ཚོང་ཁྲོམ་ར་བཀོད་སྒྲིག་བྱེད་སྟངས་ལེགས་སུ་བཏང་སྟེ་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་དྲ་རྒྱའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ས་ཆ་དང་། འགྲིམ་འགྲུལ། ཁོར་ཡུག་དེ་བཞིན་ལེ་ལག་ཚང་བའི་སྒྲིག་བཀོད་སོགས་ཀྱི་རྒྱུ་རྐྱེན་ཁག་ལ་བསམ་གཞིག་ཡག་པོ་བྱེད་པ་དང་། ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་ས་ཆ་འདེམས་པའི་འཛུགས་སྐྲུན་ཇུས་གཞི་བཟོས་ཏེ་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ཞབས་ཞུའི་སྤུས་ཚད་དང་། མཉེན་མཁྲེགས་སྒྲིག་བཀོད་ཁྱོན་ཡོངས་ནས་རིམ་སྤོར་བྱས་ཏེ་གྲོང་མིའི་ཐབས་ལམ་མང་བ་དང་། རིམ་པ་མང་བ། སྣ་མང་ཅན་བཅས་ཀྱི་འཛད་སྤྱོད་དགོས་མཁོ་སྔར་བས་བསྐངས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ཚོང་འགུགས་མ་འདྲེན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་ནས་སྲིད་ཇུས་ཀྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་བྱེད་པ། ཚོང་དོན་ཟོག་འགྲེམས་ཁེ་ལས་ཆེ་འབྲིང་ཁག་གཅིག་སྐྱེད་སྲིང་དང་ནང་འདྲེན་བྱེད་པ་བཅས་བྱེད་དགོས། རྣམ་གྲངས་ཀྱིས་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཉེ་འཁོར་གྱི་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་མང་ཚོགས་རྣམས་རྣམ་གྲངས་འཛུགས་སྐྲུན་དང་ཞིང་ལས་ཐོན་རྫས་བྲིན་ཚོང་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།
གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་ཁ་རུབ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཏེང་ཝུན་ཁྲང་བརྟག་ཞིབ་ནང་ཞུགས་ཡོད།