བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། “དགོངས་པ་སློབ་སྦྱོང”བྱེད་པ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་།“གྲོས་གཞི་དང་པོར”བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་གཏིང་ཟབ་དང་། ཞིབ་བསྡུར་ཞིབ་ཚགས། དོན་འཁྱོལ་ཧུར་ཐག་བཅས་ལ་འབད་བརྩོན་ཆེན་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་བཏང་བ་རེད།
སློབ་སྦྱོང་གཏིང་ཟབ་བྱས་ནས་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གཙོ་རྐང་ལ་དམིགས་ཏེ།“འགག་རྩའི་ཉུང་ཤས”མངོན་གསལ་དོད་པོ་ཡོང་བ་དང“སྣེ་ཁྲིད་ཀྱི་ནུས་པ”འདོན་སྤེལ་གྱིས་ཆབ་མདོ་གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་དཔེ་དེབ་ཞིབ་ཀློག་དང་། ཆེད་དོན་ཟུར་ཁྲིད། ཐོས་བསམ་མྱོང་རྟོགས་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་ལ་ཁྲིད་སྟོན་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཡོངས་ཀྱིས་ཁག་བགོས་དོ་དམ་ཁྱབ་ཁོངས་དང་ཁག་བགོས་དོ་དམ་སྡེ་ཚན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དཔེ་སྟོན་སྣེ་ཁྲིད་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མིག་དཔེ་བསྟན་ཡོད།
མིག་སྔའི་བར། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་སློབ་སྦྱོང་ནང་ཞུགས་མཁན་ཚན་པ་190ཡིས་དཔེ་ཀློག་འཛིན་གྲྭ་ཐེངས་93གཉེར་བའི་ནང་མཉམ་འབྲེལ་དཔེ་ཀློག་འཛིན་གྲྭ་ཐེངས་32ཟིན་ནས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཚང་མར་ཁྱབ་ཡོད། སློབ་སྦྱོང་ནང་ཞུགས་མཁན་ཚན་པའི་འགོ་ཁྲིད་གཙོ་བོ་ཚང་མས་ཆེད་དོན་ཟུར་ཁྲིད་བྱས་པ་དང་འགོ་ཁྲིད་ཚན་ཁག་གི་ཁོངས་མི་737གྱིས་བགྲོ་གླེང་སྤེལ་རེས་བྱས་པ་མ་ཟད། རྫོང(ཆུས)11གི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་ཐེངས་2077དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཐེངས་1421སྤེལ་ཁར། སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་ཆ་ཚང་46861(བོད་ཡིག་གི་དཔྱད་གཞི་ཆ་ཚང་5502ཚུད་པ)སྤྲད་པ་རེད། གྲོང་ཁྱེར་ཡོངས་སུ་སློབ་སྦྱོང་ནང་ཞུགས་མཁན་ཏང་ཡོན་70963ཟིན་ཡོད་པ་རེད།
ཞིབ་བསྡུར་ཞིབ་ཚགས་བྱས་ནས་གནད་དོན་དང་ཞན་ཆ་གནད་ལ་འཁེལ་པོས་བཙལ་བ།
ཆབ་མདོ་གྲོང་ཁྱེར་གྱི་སློབ་སྦྱོང་ནང་ཞུགས་མཁན་ཚན་པ་ཁག་གིས་གྲོང་ཨུད་ཀྱི“22445”ཡི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམིགས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཆབ་སྲིད་ཀྱི་བྱང་ཚད། འཇོན་ཐང་། རང་འགན་ཐེག་པ་འཁུར་ལེན། ལས་ཀའི་སྤྱོད་ཚུལ། སྤྱོད་གཙང་རང་གཅུན་སོགས་ཕྱོགས་6ཐད་ཀྱི་གནད་དོན་དང་ཞིབ་བསྡུར་ནན་ཏན་བྱས་ནས་རང་འགུལ་ངང་ཞིབ་ཕྲའི་མཚོན་ཚུལ་གནད་ལ་འཁེལ་པོས་འཚོལ་ཞིབ་དང་། གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན། འབྱུང་རྩར་དབྱེ་ཞིབ་ཀྱིས་ནད་བསྟུན་སྨན་བཅོས། རང་ཉིད་དེའི་ནང་ཞུགས་པ། འགན་འཁྲི་ཧུར་ཐག་འཁུར་བ། ལས་དོན་ཧུར་ཐག་སྒྲུབ་པ། སློབ་སྦྱོང་གི་གྲུབ་འབྲས་དེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་ཞིབ་ཕྲའི་བསམ་ཕྱོགས་དང་བྱེད་ཐབས་ལ་འགྱུར་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་བོད་ཤར་རྒྱུད་ཀྱི་ས་གཞི་ཆེ་མོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་སྐུལ་འདེད་བཏང་བ་རེད།
མིག་སྔའི་བར། “བློ་ཡིད་ཚིམ་ཤོས་ཀྱི་ལས་དོན་གསུམ་དང་བློ་ཡིད་ཚིམ་པོ་མ་བྱུང་བའི་ལས་དོན་གསུམ”སྤེལ་བས། བློ་ཡིད་ཚིམ་ཤོས་ཀྱི་ལས་དོན་240དང་བློ་ཡིད་ཚིམ་པོ་མ་བྱུང་བའི་ལས་དོན་240ཡོད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་དག་ཐེར་གྱི་གནད་དོན་590ལྷག་ཙམ་ཞིབ་བཤེར་གསེད་བཀྲོལ་བྱས་པ། ཆེད་དོན་བཅོས་སྒྲིག་ལ་དམིགས་ནས་གཞི་རིམ་གྱི་བཅོས་སྒྲིག་རིགས་ཀྱི་གནད་དོན་ཁག་36དང་། ལས་བྱེད་པའི་སྤྱོད་ཚུལ་རིགས་ཀྱི་གནད་དོན་ཁག་68 དེ་བཞིན་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གྱོད་གཞི་ཁག་88བཅས་ལ་ཞིབ་བཤེར་བྱས་ཏེ་དག་ཐེར་གྱི་གསལ་ཐོའི་ནང་བཅུག་པ་མ་ཟད། སྣེ་ཁྲིད་མཁན་འགོ་ཁྲིད་དང་། འགན་འཁུར་ཚན་པ། དག་ཐེར་དུས་བཀག་བཅས་ཁ་གསལ་བཟོས་ནས་གནད་དོན་དག་ཐེར་ལ་སྐུལ་འདེད་བཏང་བ་རེད།
དོན་འཁྱོལ་ཧུར་ཐག་བྱས་ནས་བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ཡག་པོ་བྱས་པ།
བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགག་རྩའི་གནད་དོན་ལ་དམིགས་པ་དང་། “སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་གྱི་བརྟག་ཞིབ་དང་། རྙོག་འཛིང་དང་དཀའ་གནད་སེལ་བའི་ཐབས་ཇུས་རང་བཞིན་གྱི་བརྟག་ཞིབ། དུས་རབས་གསར་པ་དང་གནས་ཚུལ་གསར་པའི་རྒྱང་ལྟའི་རང་བཞིན་གྱི་བརྟག་ཞིབ། ལས་ཀའི་རྣམ་གྲངས་གལ་ཆེན་གྱི་རྗེས་སྙེག་རང་བཞིན་གྱི་བརྟག་ཞིབ། དཔེ་མཚོན་གྱོད་དཔེའི་དབྱེ་ཞིབ་རང་བཞིན་གྱི་བརྟག་ཞིབ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལྟ་ཞིབ་རང་བཞིན་གྱི་བརྟག་ཞིབ”སོགས་ཕྱོགས་6གི་ནང་དོན་39ལ་དམིགས་ཏེ། ཆབ་མདོ་གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་གོང་རིམ་གྱིས་འོག་རིམ་གྱི་སྣེ་ཁྲིད་དང་དཔེ་སྟོན་སྐུལ་ཁྲིད་མཐའ་འཁྱོངས་ཀྱིས་གྲོང་ཨུད་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་པས་ཁ་ཕྱོགས་སྟངས་འཛིན་ནན་པོ་དང་འཇུག་གཞི་གནད་ལ་འཁེལ་པོས་བཙལ་ནས་བརྟག་དཔྱད་ཞིབ་འཇུག་བྱ་གཞི་ཁག་14ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱས་པ་རེད། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་སྣེ་ཁྲིད་དེ་ས་བབ་མཐོ་བ་དང་། རང་བྱུང་ཆ་རྐྱེན་ཞན་པ། ལས་ཀའི་རྨང་གཞི་ཞན་པ། དཀའ་ངལ་ཆེ་བ། འགལ་ཟླ་མང་བ་བཅས་ཀྱི་ས་ཆ་དང་། མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་ཆེ་བ་དང་ལས་ཀའི་རྣམ་པ་གསར་པ་གཏོད་མི་ཐུབ་པའི་ས་ཆ་དང་ཚན་པར་བསྐྱོད་དེ་མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས་པ་རེད།
མིག་སྔའི་བར། ཆབ་མདོ་གྲོང་ཁྱེར་གྱི་སློབ་སྦྱོང་ནང་ཞུགས་མཁན་ཚན་པ་ཁག་གིས་ཞིབ་འཇུག་བྱ་གཞི་280ལྷག་ཙམ་གཏན་འཁེལ་བྱས་ནས་སྔ་རྗེས་སུ་གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས། སྨན་ཁང་། སློབ་གྲྭ། དཔལ་འབྱོར་རྩ་འཛུགས་གསར་པ། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་སོགས་གཞི་རིམ་ཚན་པར་བསྐྱོད་དེ། སྐད་ཆ་དྲང་པོ་ཉན་པ་དང་། དོན་དངོས་ལ་བརྟག་དཔྱད། དགོས་མཁོ་མང་ཚོགས་ལ་འདྲི་བ། ཐབས་ཇུས་ལག་ལེན་ཐོག་འཁྱོལ་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། སྒྱུར་བཅོས་ཀྱི་འཕྲལ་མཁོ། གཞི་རིམ་གྱི་རེ་བ། དམངས་སེམས་ཕྱོགས་ས་བཅས་ཀྱི་ཞིབ་ཕྲའི་གནད་དོན་དང་དམངས་འཚོའི་དོན་དག་ཆུང་གྲས་ཁག་གཅིག་ཐག་གཅོད་བྱེད་རྒྱུ་རེད། (དཔལ་ཐར་རྒྱལ་གྱིས་བསྒྱུར)